ཀྲུང་གོའི་ཟོང་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ9པར་ཀྲུང་གོའི་ཟོང་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས51.5%ཡིན་ལ་ཟླ་སྔོན་མ་ལས་བརྒྱ་ཆའི་གནས0.6བསྐྱར་འཕར་བྱུང་སྟེ། བསྟུད་མར་ཟླ་ལྔ་ལ་རྒྱ་སྐྱེད་ཀྱི་བར་མཚམས་སུ་གནས་ཡོད། མངགས་ཐོ་གསར་པའི་སྟོན་གྲངས་བརྒྱ་ཆའི་གནས0.4བསྐྱར་འཕར་བྱུང་ཡོད་ལ་བསྟུད་མར་ཟླ7ལ་བསྐྱར་འཕར་བྱུང་བ་དང་། འདོན་སྤྲོད་ཁྲོམ་རའི་མཐུན་སྦྱོར་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད།
ལྟེ་བའི་དམིགས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ཚད་དབྱེའི་སྟོན་གྲངས12ནང་ཚད་དབྱེའི་སྟོན་གྲངས10ཟླ་སྔོན་མ་ལས་བསྐྱར་འཕར་བྱུང་ཡོད། མ་རྩའི་གནོན་ཤུགས་ཁ་ཤས་དང་འཕྲད་ཀྱང་ཁེ་ལས་གཉེར་སྐྱོང་དང་ཁེ་སྤོགས་སྔར་བཞིན་བརྟན་པོར་རྒྱུན་འཁྱོངས་བྱས་ཤིང་། སྒྲིག་ཆས་ཀྱི་བེད་སྤྱོད་ཚད་དང་མ་དངུལ་འཁོར་རྒྱུག་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཟོང་འགྲུལ་ལས་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་ཕྱིན་པ་དང་། བྱ་བའི་ལས་གནས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་ཏེ་ལས་སྒོ་བྱ་འགུལ་གྱི་སྔོན་དཔག་སྟོན་གྲངས་བརྒྱ་ཆའི་གནས1.8བསྐྱར་འཕར་བྱུང་ཡོད།
ས་ཁུལ་ཕྱོགས་ནས་བལྟས་ན། ཤར་དབུས་ནུབ་རྒྱུད་ཀྱི་ལས་སྒོའི་སྤྱི་འབོར་སྟོན་གྲངས་ཕྱོགས་ཡོངས་ནས་བསྐྱར་འཕར་བྱུང་བ་དང་། ཤར་རྒྱུད་ས་ཁུལ་ཏེ་འཕར་སྣོན་བྱུང་བའི་གཙོ་ཤུགས་སུ་གྱུར་ཡོད། སྤྱི་ཡོངས་ནས་བལྟས་ན། དྲ་བ་དྲུག་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་བསྟུན་ནས། སྲིད་ཇུས་དང་ཁྲོམ་ར་ཕྱོགས་གཉིས་ཀྱི་ནུས་པ་བཏོན་ཞིང་དུས་ཚིགས་བཞི་པའི་ཟོང་འགྲུལ་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་འགྲོ་བའི་རྣམ་པ་རྒྱུན་སྐྱོང་ཐུབ་རྒྱུ་རེད།