མཚོ་སྔོན་གྱི་ཟླ་བ་སྔོན་མ་བརྒྱད་ཀྱི་འོད་ནུས་ཐོན་རྫས་ཕྱིར་གཏོང་ཚད་དུས་མཉམ་ལས་ལྡབ1.5འཕར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས11ཉིན། ཟི་ལིང་སྒོ་ཁྲལ་གྱི་སྡོམ་རྩིས་ལྟར་ན། ད་ལོའི་སྔོན་གྱི་ཟླ་བརྒྱད་ཀྱི་རིང་། མཚོ་སྔོན་ཞིང་ཆེན་གྱི་འོད་ནུས་ཐོན་རྫས་བསྡོམས་པས་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ལ་སླེབས་པས། དུས་མཉམ་ལས་ལྡབ་གཅིག་དང་གྲངས་ཆུང་ལྔ་འཕར་ཡོད།

ཉེ་བའི་ལོ་འགའི་རིང་། གོ་ལ་ཧྲིལ་བོའི་ནུས་ཁུངས་ཚུལ་སྒྱུར་བསྟུད་མར་ཟབ་སྤེལ་དང་། ཕྱི་ཕྱོགས་ཀྱི་འོད་ནུས་ཁྲོམ་རའི་དགོས་མཁོ་ཆེ་རུ་གྱུར་བས། དག་གཙང་ནུས་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། མཚོ་སྔོན་གྱི་འོད་ནུས་བཟོ་སྐྲུན་ཐོན་ལས་བབ་བསྟུན་འཕེལ་རྒྱས་བྱུང་བ་དང་། མཚོ་སྔོན་རྟགས་ཅན་གྱི་འོད་ནུས་ཐོན་རྫས་མགྱོགས་མྱུར་ངང་རྒྱལ་སྤྱིའི་ཁྲོམ་རར་ཞུགས། འོད་ནུས་ཐོན་རྫས་རིགས་མང་ལ་བརྒྱུད་སྤྲོད་ལས་ཆོད་ཀྱི་དགོས་མཁོ་ཆེ་བའི་ཁྱད་ཆོས་ལ་དམིགས་ནས། ཟི་ལིང་སྒོ་ཁྲལ་གྱིས་རང་འགུལ་ངང་ཞབས་ཞུ་འདོན་སྤྲོད་དང་། ས་ཁོངས་ཀྱི་འོད་ནུས་ཐོན་ལས་གཙོ་བོར་སོང་ནས་རྟོག་ཞིབ་བྱས་ཏེ། ཁེ་ལས་གཅིག་ལ་ཇུས་ཆོད་གཅིག་གི་རོགས་སྐྱོར་ཇུས་གཞི་འོས་འཚམ་གཏན་འབེབས་བཟོས།

ཕྱོགས་གཅིག་ནས་གོ་ལ་ཧྲིལ་བོའི་འོད་ནུས་ཁྲོམ་ར་གཙོ་བོའི་ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས་ཀྱི་འགུལ་རྣམ་ལ་བསྟུད་མར་རྗེས་འདེད་དང་། ལྟ་སྐུལ་དོ་དམ་གྱི་ཚད་གཞི་དང་ལུགས་མཐུན་གྱི་མཛུབ་སྟོན་གནད་འཁེལ་གྱིས་ལག་ཏུ་བསྟར་ཞིང་། ཁེ་ལས་ཀྱིས་ཚད་ལྡན་ངང་རེ་ཞུ་དང་ཉོ་ཚོང་གི་བཀག་རྒྱར་རང་འགུལ་གྱིས་ཁ་གཏད་འཇལ་བར་ཁྲིད་སྟོན་བྱས། ཕྱོགས་གཞན་ནས། ས་གནས་སྒོ་ཁྲལ་གྱིས་ཐོན་སྐྱེད་ལས་ཡུལ་དང་པོར་བཅར་བའི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཏེ། ཁེ་ལས་ཀྱི་རེ་འདུན་མྱུར་མོར་དང་དུ་ལེན་པའི་བརྒྱུད་ལམ་གེགས་མེད་ཡོང་བར་བྱས་པ་དང་། ཕྱིར་གཏོང་འགག་སྒོའི་ལས་རིམ་གྱི་དཀའ་གནད་དུས་ལྟར་ཐག་བཅད་ནས། སྔོན་ལ་འགག་སྒོ་བརྒལ་བ་དང་ཞིབ་བཤེར་ཚད་ལེན་སོགས་སྟབས་བདེ་ཅན་གྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། འོད་ནུས་ཐོན་རྫས་མགྱོགས་མྱུར་ངང་འགག་སྒོ་ལས་བརྒལ་ཐུབ་པར་ཧུར་ཐག་གིས་འགན་ལེན་བྱས།

ས་ཁོངས་ཀྱི་འོད་ནུས་ཐོན་ལས་མུ་ཕྲེང་གི་ལས་རིམ་གོང་མའི་རྐང་འཛིན་ཁེ་ལས་ཡིན་པའི་ཆ་ནས། མཚོ་སྔོན་ཀའོ་ཅིན་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་ཟི་ནི་ཐེངས་འདིའི་ཕྱིར་གཏོང་ཚད་འཕར་བའི་སྟོབས་ཤུགས་གཙོ་བོ་ཡིན་ལ། ཀུང་ཟིའི་འགན་ཁུར་མི་སྣ་ཀྲང་ཀྲིན་ཀྲུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཀུང་ཟི་ཡིས་འོད་ནུས་ཀུའེ་ཐོན་ལས་སུ་བསྟུད་མར་རྐང་བཙུགས་པར་མ་ཟད་རྒྱལ་སྤྱིའི་ཁྲོམ་རའི་རྒྱ་བསྐྱེད་པ་དང་། སྒོ་ཁྲུལ་གྱི་གནད་འཁེལ་ཞབས་ཞུ་ཡིས་ང་ཚོས་ཕྱི་ཕྱོགས་ཁྲོམ་རའི་གོ་སྐབས་དམ་དུ་འཛིན་པར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཏེ། རྒྱལ་སྤྱིའི་མངགས་ཐོ་ནུས་མཐོའི་ངང་སྤྲོད་ཐུབ་པར་རོགས་ཤུགས་བཏོན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།