མཚོ་སྔོན་གྱི་ནུས་ཁུངས་གསར་པ་དང་དག་གཙང་ནུས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཟིན་ཚད99.1%ལ་བསླེབས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཞུང་ལམ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ནུས་ཁུངས་གསར་པ་དང་དག་གཙང་ནུས་ཁུངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ཡོ་བྱད་བེད་སྤྱོད་ཁྱབ་གདལ་གང་ལེགས་བཏང་ཡོད། ཟླ9པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་པ་དང་དག་གཙང་ནུས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱིས་ཟིན་པའི་བསྡུར་ཚད99.1%ལ་བསླེབས་ཡོད་ཅིང་། སྐོར་སྐྱོད་གླ་གཏོང་རླངས་འཁོར་གྱི་ནུས་ཁུངས་གསར་པ་དང་དག་གཙང་ནུས་ཁུངས་ཀྱི་བསྡུར་ཚད་གྱིས83.5%ཟིན་ཡོད་ལ། དངོས་ཟོག་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ནུས་ཁུངས་གསར་པ་དང་དག་གཙང་ནུས་ཁུངས་ཀྱི་རླངས་འཁོར་རིགས་ཀྱིས་ཟིན་པའི་བསྡུར་ཚད་ཆེས་ཆེར་འཕར་ཡོད།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་སྐྱེ་ཁམས་དཔལ་ཡོན་ལག་ལེན་གྱི་དཔེ་མཚོན་ལས་ཀའི་དམིགས་འབེན་གཏན་འཁེལ་བྱས་ཏེ། རྩ་འཛུགས་ཤུགས་ཆེན་བྱས་ནས་ལྗང་མདོག་ཕྱིར་སྐྱོད་དང་སྤྱི་སྤྱོད་རླངས་འཁོར་ཕྱིར་སྐྱོད་ཀྱི་སྒྲོག་བཤད་བྱེད་སྒོ་སྤེལ་ནས། སྤྱི་དམངས་ཀྱིས་སྔོན་ལ་སྤྱི་སྤྱོད་འགྲིམ་འགྲུལ་སོགས་ཐཱན་ཉུང་ཕྱིར་སྐྱོད་བྱེད་སྟངས་གདམ་ག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་ཕྱིར་སྐྱོད་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་། དུས་མཚུངས་སུ། བགྲོད་ལམ་སྐྱེལ་འདྲེན་ཁྱབ་ཁོངས་སུ་བྱེད་ཐབས་མང་པོ་སྤྱད་དེ། དགེ་མཚན་ལྡན་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། ད་ལོའི་ཟླ9པའི་ཟླ་མཇུག་བར་དུ། ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཕྱིར་སྐྱོད་དྲ་རྒྱ་སྔར་ལས་འཐུས་ཚང་དུ་ཕྱིན་ནས། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག46གསར་སྣོན་དང་ཇེ་ལེགས་སུ་བཏང་བ་དང་། སྤྱི་སྤྱོད་རླངས་འཁོར་ས་ཚིགས3200ལྷག་གསར་བརྗེས་དང་འཐུས་ཚང་དུ་བཏང་ཡོད་ལ། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་སྤྱི་ལེ102བསྐྲུན་ཡོད། ཟི་ལིང་གྲོང་ཁུལ་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སྨི500ཡི་ཁྱབ་ཚད་ཀྱིས100%ཟིན་ཡོད་པ་དང་། སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱར་བསླེབས་ཡོད་པར་བརྟེན། མང་ཚོགས་ཕྱིར་སྐྱོད་སྟབས་བདེ་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་ཡོད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་གྱི་ལྟེ་གནས་དང་དེ་བཞིན་ས་ཚིགས་ཐོག་མ་དང་མཇུག་མཐའི་ས་ཚིགས་40ལྷག་བསྐྲུན་ནས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག59ཤར་གཏོང་ཐུབ་པར་གྱུར་ཏེ། སྐྱེལ་འདྲེན་གྱི་ལས་ཆོད་མངོན་སུམ་ཆེ་རུ་ཕྱིན་ནས། མང་ཚོགས་ཀྱི་ཁྱད་གཤིས་ཅན་གྱི་ཕྱིར་སྐྱོད་དགོས་མཁོ་ཟམ་མི་ཆད་པར་བསྐངས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།