མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་གཟའ་འཁོར་ཐོག་མའི་བྱེད་སྒོ་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་གཟའ་འཁོར་ཐོག་མའི་སྐབས་སུ།  མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་རྒྱུ་གཙོ་ཐིག་ཏུ་བྱས་པ་དང་།   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་རྒྱུ་གཙོར་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་སྐྱོང་དྲིལ་སྒྲོག་གི་“བསྐྱོད་པ་བཅུ” ཡི་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་སིམ་པར་སྐུལ་འདེད་བཏང་།

ཐེངས་འདིའི་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོའི་ཁྱབ་རྒྱ་ཆེ་ཞིང་ཐེངས་གྲངས་མང་ལ།  མང་ཚོགས་ཟབ་ཞུགས་བྱེད་ཚད་ཀྱང་མཐོ་སྟེ། ཞིང་ཆེན་ཡོངས་སུ་བསྡོམས་པས་སྒྲོག་བཤད་བྱེད་སྒོ་སྣ་ཚོགས་ཐེངས་ལྔ་སྟོང་བརྒྱ་དང་དྲུག་ཅུར་སྤེལ་བ་དང་།  མང་ཚོགས་མི་ཐེངས་ས་ཡ་གཅིག་དང་འབུམ་བདུན་ཟབ་ཞུགས་བྱས་ལ།   སྒྲོག་བཤད་བྱེད་སྒོའི་ཁྱབ་ཚད90%ལས་བརྒལ་ཏེ་མཁར་གྲོང་གཞིས་ཁུལ་དང་སློབ་གླིང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། ན་གཞོན་རྣམས་ལ་དམིགས་ནས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་སོང་ནས་སྒྲོག་བཤད་བྱེད་སྒོ་ཐེངས་ཆིག་སྟོང་ཉིས་བརྒྱ་གྱ་བཞི་སྤེལ་བ་དང་།  མི་རིགས་མཐུན་སྒྲིལ་ཁྲིམས་སྐྱོང་ཤེས་བྱ་ཁྱབ་གདལ་དུ་བཏང་བར་མ་ཟད། ན་གཞོན་རྣམས་ལ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་པ་ཆགས་རྒྱུར་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་རྗེས་གྲབས་སྟོབས་ཤུགས་ཆེ་རུ་བཏང་། ཆོས་ལུགས་ལས་རིགས་ཁག་གི་མི་སྣ་དང་ཆོས་དད་མང་ཚོགས་ལ་དམིགས་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སོང་སྟེ། བཅའ་ཁྲིམས་སྒྲོག་བཤད་བྱེད་སྒོ་ཐེངས་ཆིག་སྟོང་ཉིས་བརྒྱ་གོ་བདུན་སྤེལ་ནས།   ཆོས་ལུགས་ལས་བྱེད་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་སྲུང་བ། ཁྲིམས་བཀོལ་བ་བཅས་བྱས་ཏེ། རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་སྲུང་སྐྱོང་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས།

ལས་བྱེད་པ་དང་མང་ཚོགས་ཀྱིས་ཐེངས་འདིའི་སྒྲོག་བཤད་ཀྱི་ནང་དོན་ས་གནས་དང་འཚམ་ཞིང་། ཁྲིམས་ལུགས་ལ་དང་དོད། དྲོད་ཚད་ལྡན་པ་བཅས་ཡིན་པས། སྤྱི་མཚན་དུ་གྱུར་པའི་བཅའ་ཁྲིམས་ཀྱི་དོན་ཚན་དེ་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་ཀྱི་རྒྱུན་ལྡན་སྐད་ཆར་དངོས་གནས་བསྒྱུར་འདུག་ཅེས་བཤད་པ་རེད། ཁྱབ་ཁོངས་ཆེ་བ་དང་ཁྱོན་ཡོངས་ལ་ཁྱབ་པའི་གཅིག་སྡུད་སྒྲོག་བཤད་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གོ་བ་དེ་བས་གཏིང་ཟབ་ལེན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོ་ཆགས་པའི་ངོས་འཛིན་དེ་བས་གཏིང་ཟབ་ཏུ་ཕྱིན་ནས། "ཁ་འབྲལ་ཐབས་མེད་པ་གསུམ"གྱི་བསམ་བློ་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། "ཁས་ལེན་ལྔ"ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཁྱིམ་མཚེས་འཆམ་མཐུན་དང་། ཕན་ཚུན་ལྟ་རེས་རོགས་རེས། མཉམ་འདྲེས་མཉམ་འགུལ་བཅས་ཀྱི་རྣམ་པ་སྔར་ལས་ཟབ་མོ་ཆགས་པ་དང་། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ། ཕན་ཚུན་སྦྱོར་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་ཁོར་ཡུག་འཛུགས་སྐྲུན་གྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། ཡུན་སྐྱོང་བདེ་འགོད་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།