ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སོང་སྟེ་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
རྟོག་ཞིབ་ཚན་ཆུང་འབྲེལ་གཏུག་ས་གནས་མཚོ་འཁྱིལ་ཞང་ཉིན་ཞ་སྡེ་བ་རུ་སོང་ནས། ཉིན་ཞ་སྡེ་བའི་ཐོན་ལས་འཕེལ་རྒྱས། སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཁོར་སྐྱོད། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོར་འདེགས་སོགས་ཀྱི་གནས་ཚུལ་ལ་ནན་ཏན་གྱིས་རྒྱུས་ལོན་བྱས་པར་མ་ཟད། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞང་སྲིད་གཞུང་གི་འབྲེལ་ཡོད་བློ་མཐུན་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ལས་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་འཐུས་མི་ཁ་ཤས་སོགས་དང་མཉམ་དུ་བཞུགས་མོལ་སྤེལ་རེས་དང་གྲོས་སྡུར་ཟབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཉིན་ཞ་སྡེ་བས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཧུར་ཐག་གིས་འདྲེས་པར་བྱས་ཏེ། རང་སྟེང་གི་དགེ་མཚན་དེ་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོར་བསྒྱུར་བ་དང་། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་ནས་གྲོང་གསེབ་དར་སྤེལ་སྔ་མོ་མངོན་འགྱུར་བྱེད་དགོས། བདག་གཉེར་རྣམ་པ་གསར་གཏོད་བྱས་ཏེ། མཉམ་སྤྱོད་ཕྱུགས་ར་སོགས་རྣམ་པ་གསར་བ་འཚོལ་ཞིབ་གང་ལེགས་བྱེད་པ་དང་། ཐོན་ཁུངས་སྡེབ་སྒྲིག་དང་ལག་རྩལ་ནུས་སྩོལ། ཁེ་ཕན་མཉམ་སྦྲེལ་སོགས་ཀྱི་བྱེད་ཐབས་བེད་སྤྱད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ཁུངས་བེད་སྤྱོད། ཐོན་ལས་འཕེལ་རྒྱས་བཅས་ནུས་ལྡན་མཉམ་འབྲེལ་གྱི་སྒོ་ནས་ཐོན་སྐྱེད་རྣམ་པའི་ལྗང་མདོག་ཚུལ་སྒྱུར་དང་དཔལ་འབྱོར་ཕན་འབྲས་ཀྱི་ཕྱོགས་གཉིས་མཐོར་འདེགས་ཡོང་བ་མངོན་འགྱུར་བྱེད་དགོས། ཐོན་ལས་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། ལས་སྣོན་ཞིབ་ཚགས་སྤུས་ལེགས་དང་སྤུས་རྟགས་ཚོང་གཉེར་ཇེ་ལེགས་སུ་བཏང་བ་བརྒྱུད། སྣ་མང་ལས་རྣམ་སོགས་ཀྱི་བྱེད་ཐབས་རྒྱ་བསྐྱེད་པ་དང་། ཐོན་ལས་མུ་ཕྲེང་རྒྱུན་སྲིང་དང་ཁ་གསབ་སྟོབས་ཆེར་བཅས་གཏོང་བ་དང་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མ་བཅོས་རྒྱུ་ཆ་བཙོང་བ་ནས་ཐོན་རྫས་བཙོང་བ་དང་། སྤུས་རྟགས་བཙོང་བ། ཞབས་ཞུ་བཙོང་བའི་བར་གྱི་ཚུལ་སྒྱུར་མངོན་འགྱུར་བྱེད་དགོས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ་དང་། མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱས་ཏེ། ཕྱོགས་སོ་སོ་ཐོན་ལས་འཕེལ་རྒྱས་ནང་ཞུགས་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྲིད་གཞུང་གིས་ཁྲིད་སྟོན་དང་། ཚོང་རའི་འཁོར་སྐྱོད། མང་ཚོགས་ཟབ་ཞུགས་བཅས་ཀྱི་མཉམ་འགུལ་རྣམ་པ་བཟང་པོ་ཆགས་པར་འབད་བརྩོན་བྱས་ཏེ། ཉིན་ཞ་སྡེ་བ་གྲོང་གསེབ་ཐོན་ལས་དར་སྤེལ་གཏོང་བའི་མ་དཔེ་གསར་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ནས། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ལ་དཔེར་བླངས་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་མ་དཔེ་འདོན་སྤྲོད་བྱེད་རྒྱུ་རེད།