ཞིང་ཆེན་ཡོངས་ཀྱི་ས་གནས་ནད་རིགས་འགོག་བཅོས་བྱ་བར་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས9ཉིན།  ཞིང་ཆེན་ཡོངས་ཀྱི་ས་གནས་ནད་རིགས་འགོག་བཅོས་བྱ་བར་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་ཟི་ལིང་དུ་བསྡུས།  ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་གནས་ནད་རིགས་འགོག་བཅོས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ས་གནས་ནད་རིགས་འགོག་བཅོས་བྱ་བའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་སྤྱི་སྡོམ་བྱས་ཤིང་།   མདུན་དུ་ལྷག་པའི་གནས་བབ་དང་ལས་འགན་ལ་ཞིབ་སྡུར་དབྱེ་ཞིབ་བྱས་ལ།  དུས་རིམ་རྗེས་མའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས།  ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་།   ཞིང་ཆེན་ཡོངས་ཀྱི་ས་གནས་ནད་རིགས་འགོག་བཅོས་བྱ་བའི་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་དེ།   ཐུམ་འབུའི་ནད་ཕོག་ཡོད་པའི་ནད་པ་སྐྱོབ་བཅོས་བྱས་ཚད100%ལ་སླེབས་པ་དང་། གཤགས་བཅོས་ཀྱི་ཆ་རྐྱེན་ལྡན་པར་མ་ཟད། རང་མོས་ངང་གཤགས་བཅོས་དང་ལེན་བྱེད་མཁན་གྱི་ནད་པ་ཚང་མར་གཤགས་བཅོས་བྱས་ཟིན་པ་དང་།  ས་གནས་ནད་རིགས་གཞན་པའི་འགོག་བཅོས་ལ་གཏན་འཇགས་ངང་སྐུལ་འདེད་བཏང་།  དེ་དང་ཆབས་ཅིག   ས་གནས་ནད་རིགས་ཀྱི་འབྱུང་རྩའི་དོ་དམ་ཚོད་འཛིན་ཐད་ད་རུང་མི་འདང་ས་ཡོད་པ་དང་།  ཉེན་ཁ་གསར་རྙིང་སྣ་ཚོགས་བསྣོལ་མར་གནས་ཡོད་ལ། གཞི་རིམ་གྱི་ཆེད་ལས་སྟོབས་ཤུགས་ཞན་པས། སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན། 

ཚོགས་འདུ་ལས་ནན་གྱིས་བསྟན་དོན།   ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྔོན་འགོག་གཙོར་འཛིན་དང་འགོག་བཅོས་ཟུང་འབྲེལ། ཡུལ་བབ་དང་བསྟུན་པ། རིགས་དགར་མཛུབ་སྟོན་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་།   འབྱུང་རྩ་ནས་སྔོག་འགོག་དང་དོ་དམ་ཚོད་འཛིན་བྱེད་དགོས་ལ།  ཚན་རིག་ཞིབ་འཇུག་དང་གསར་གཏོད་འདེགས་སྐྱོར་སྲ་བརྟན་དུ་གཏོང་དགོས་པར་མ་ཟད།   སྤྱི་པའི་འཕྲོད་བསྟེན་འགོག་སྲུང་མ་ལག་བརྟན་པོ་འཛུགས་དགོས་ཤིང་།   ཐུམ་འབུའི་ནད་མཁྲེགས་གཏོར་འགུལ་སྐྱོད་ནན་མོར་སྤེལ་བ་དང་བྱི་རིམས་ཉེན་ཁ་སྔོན་འགོག་ལེགས་པོ་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། མཉམ་འགོག་མཉམ་འཛིན་འགན་འཁྲི་ནན་དཀྲི་བྱེད་པ་དང་བྱ་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་པ།  འགན་དབང་གསལ་བའི་མཐུན་སྦྱོར་རྣམ་པ་གྲུབ་པར་བྱེད་པ།  རྫོང་དང་ཞང་།  སྡེ་བ་བཅས་གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་དྲ་རྒྱ་བརྟན་པོར་ཆགས་པར་བྱེད་པ་བཅས་བྱས་ནས་མང་ཚོགས་ཀྱིས་བདེ་ཐང་དཔལ་ཡོན་ངང་འཚོ་བ་རོལ་བར་ཁྲིད་སྟོན་བྱེད་དགོས།

ཚོགས་འདུ་བརྙན་ལམ་བརྒྱུད་དེ་བསྡུས།   ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ས་གནས་ནད་རིགས་འགོག་བཅོས་བྱ་བའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།