ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་དུ་ལས་གཞི་གལ་ཆེན་དང་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས9ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་དང་། ཀན་ཧི་བཟོ་ལས་གླིང་ཁུལ་དུ་ལས་གཞི་གལ་ཆེན་དང་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་བཅས་བྱས་ཏེ། དངུལ་གཏོང་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་བ། ཐོན་ལས་ཤུགས་དྲག སྲིད་ཇུས་དམ་འཛིན་བཅས་ལ་གཅིག་འདོམས་བྱེད་པ། ལས་གཞི་གལ་ཆེན་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་བ། ས་ཁུལ་དང་ལས་རིགས། ཁེ་ལས་གཙོ་བོ་བཅས་ལ་རོགས་རམ་རྒྱབ་སྐྱོར་གྱི་ཤུགས་ཚད་ཤུགས་དྲག་ཏུ་གཏོང་བ། དམིགས་འབེན་གཙིག་འཛིན་དང་ཡར་བསྐྱེད་བརྩོན་ལེན། འགག་སྒྲོལ་ཁག་སེལ་བཅས་བྱེད་དགོས་ལ། ནུས་ཚད་སྔར་ལས་ཆེ་བའི་སྒོ་ནས་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ལུའོ་ཏུང་ཁྲོན་ཀན་ཧི་བཟོ་ལས་གླིང་ཁུལ་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཞང་ཧི་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ཐོན་པ་ན།  འཕྲུལ་མིའི་འཕྲུལ་ཆས་དཔུང་པས་རང་འགུལ་ལས་སྒྲུབ་བྱེད་པ་དང་། ཡོངས་ཁྱབ་རྣམ་པའི་འོད་ནུས་ཟད་གྲོན་དང་ཐཱན་ཉུང་གཏོང་། གཙང་སྦྲའི་ལག་རྩལ་སྒྱུར་བཅོས་ཀྱི་སྒྲིག་བཀོད་ཁག་ཅིག་སྤྱོད་རྒྱུར་ཕན་འབྲས་ཐོན་ཡོད་ལ། ལྗང་མདོག་རིམ་སྤོར་ཚུལ་སྒྱུར་གྱི་སྒུལ་ནུས་མུ་མཐུད་ཕྱིར་གཏོང་བཞིན་ཡོད། ཁོང་གིས་ཐོན་རྫས་བཟོ་རྩལ་དང་རྩིས་ནུས་ཅན་བསྒྱུར་བཀོད། ཐོན་ནུས་བརྗེ་སྒྱུར་རིམ་སྤོར་སོགས་ཀྱི་གནས་ཚུལ་འདྲི་རྟོགས་དང་། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བར་སྐུལ་མ་བཏང་ཞིང་། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་དགེ་མཚན་འདོན་སྤེལ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མྱུར་དུ་གསོ་སྐྱོང་བྱེད་པ། སྲོག་ཤིང་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། ཐོན་ཁུངས་རིན་མཐོ་ཅན་གྱི་ཕྱོགས་བསྡུས་བེད་སྤྱོད་ནུས་ཕྱོད་མཐོར་འདེགས་གཏོང་བ། སྐྱེ་ཁམས་ཁོར་ཡུག་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་སྤུས་འདེགས་ནུས་སྤེལ་ཐད་ཞབས་ཞུ་འགན་སྲུང་བྱ་རྒྱུའི་བླང་བྱ་བཏོན་ཏེ། བཟོ་ལས་རྐང་འཛིན་ཁེ་ལས་ཀྱིས་གཞི་རྐང་བརྟན་ཞིང་། སྒུལ་ནུས་འཕེལ་བའི་ཐད་ཀྱི་འདེགས་སྐྱོར་བྱེད་ནུས་སྔར་ལས་འདོན་སྤེལ་བྱེད་དགོས།

རྒྱལ་ནང་གི་གློག་ཁུངས་གཞི་རྒྱ་ཆེས་ཆེ་ཞིང་། ནུས་ཁུངས་གསར་པའི་ཟིན་ཚད་ཆེས་མཐོ་བའི“ཧྲ་ཀི་ཧོང་”རྟེན་གཞི་ཆེན་མོའི་ལས་གཞི་ཡིན་པའི་ཆ་ནས། མཚོ་སྔོན་དང་ཀོང་ཏུང་གི་ཐད་རྒྱུག་བཟོ་བསྐྲུན་གྱི་རྒྱལ་ཡོངས་གཅིག་གྱུར་གློག་ཤུགས་ཚོང་ར་འཛུགས་པ་དང་། གློག་དྲ་གཉིས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བར་འཚོལ་ཞིབ་དང་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ལུའོ་ཏུང་ཁྲོན་ཀན་ཧི་བཟོ་ལས་གླིང་ཁུལ་གྱི་མཚོ་སྔོན་མཚོ་ལྷོའི་དག་གཙང་ནུས་ཁུངས་ཕྱིར་སྐྱེལ་རྟེན་གཞིའི་ཆ་སྡེབ་གློག་ཁུངས་ལས་གཞིའི་བཟོ་བསྐྲུན་ལས་ཡུལ་དུ་སོང་སྟེ། ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཡུལ་དངོས་ལྟ་ཞིབ་དང་། ཁེ་ལས་ཀྱི་འགན་འཁུར་པ་དང་བརྗེ་རེས་ཟབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། དག་གཙང་ནུས་ཁུངས་ཐོན་ལས་ནི་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ཡིན། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ། ལས་གཞིའི་ཚད་གཞི་མཐོན་པོ་བསྐྲུན་པ་དང་ནུས་མཐོ་སྒོས་སྐུལ་སྤེལ་གཏོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ལ། ནུས་ལྡན་དངུལ་གཏོང་མུ་མཐུད་རྒྱ་ཆེར་གཏོང་བ་དང་། དངོས་གཉེར་ལས་རིམ་འབོར་ཆེན་མྱུར་དུ་གྲུབ་པར་བརྩོན་ལེན་བྱས་ཏེ། རྒྱལ་ཡོངས་ཀྱི་དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་ཆེ་གྲས་ཀྱི་ཚད་གཞི་འབད་པས་བསྐྲུན་དགོས།

ཁང་བ་བཟང་པོ་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་ཡོད་ལ། དམངས་ཚིས་ལེགས་བཅོས་དང་ཡང་འབྲེལ་ཡོད་པས། སྡོད་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་མཚོན་ཐུབ་པའི་འདེགས་གཞི་གལ་ཆེན་ཞིག་ཡིན། མཁར་དཀྱིལ་ཆུས་ཀྱི་གསར་དུ་བསྐྲུན་པའི་ཚོང་དོན་ཁང་བའི་ལས་གཞིའི་ཡུལ་དངོས་སུ། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་གཞིས་ཁུལ་གྱི་འཚོ་བའི་བར་སྟོང་དང་ཁོར་ཡུག་ལ་ལྟ་ཞིབ་བྱས་ཤིང་། དཔེ་དབྱིབས་ཁང་དུ་ཁྱིམ་གཞི་ཇུས་འགོད་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཁང་བཟང་འཛུགས་སྐྲུན་དང་ཚོང་རའི་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་ཉན། ས་ཁང་བདག་ཁོངས་ཚོང་ར་བརྟན་ཞིང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་ཇུས་སྲིད་བྱེད་ཐབས་ཁག་གནད་འཁེལ་སྒོས་དངོས་འབེབས་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་གོ་རིམ་ལྡན་པར་བདེ་འཇགས་ཡིན་ལ་སྐྱིད་སྣང་ལྡན་ཞིང་། ལྗང་མདོག་དང་བློ་གྲོས་འཛོམས་པའི་དེང་རབས་ཅན་གྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཁང་བཟང་མང་དུ་བསྐྲུན་དགོས། སྤུས་ཚད་མཐོ་བའི་མཁོ་འདོན་ལ་བརྟེན་ནས་འཛད་སྤྱོད་དགོས་མཁོ་གསར་བ་ཕྱིར་གློད་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་རེ་འདུན་སྔར་ལས་ལྷག་པར་བསྐང་སྟེ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངོས་གནས་རྒྱབ་སྐྱོར་བྱེད་དགོས།

ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཀྲུའུ་ཞང་ཧྥེན་བཅས་རྟོག་ཞིབ་ཁྲོད་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།