མཚོ་སྔོན་མདོ་ལ་རྫོང་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ།ས་གནས་དེ་གས་ཡུལ་སྐོར་བ་མཚན་མོར་ཞག་སྡོད་ཐུབ་པའི་འགན་ལེན་བྱས་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྟོན་གུང་གསེང་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་དུ་ཡུལ་སྐོར་གྱི་ཚ་རླབས་རབ་ཏུ་འཕྱུར་ཡོད། ཟླ་10ཚེས་2ཉིན་ནས་བཟུང་། རྫོང་གྲོང་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མཐོ་ཤོས་སུ་སླེབས་པ་དང་རྫོང་ཡོངས་ཀྱི་གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་ཚང་མ་ཁེངས་ཡོད། མཚན་མོ་རྫོང་གྲོང་གི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་4བར་ཆག་པ་དང་འཁོར་ཁྲིད་ཡུལ་སྐོར་བ་མི་ཉུང་བ་ཞིག་ལ་ས་མཐོའི་གྲང་ངར་ཆེ་བའི་མཚན་མོར་ཞག་སྡོད་བྱེད་ས་མེད་པའི་དཀའ་གནད་འཕྲད་ཡོད།

མདོ་ལ་རྫོང་གི་སྤྱིའི་མི་འབོར་ཁྲི་5.26ཟིན་པ་དང་ཆ་སྙོམས་ས་བབ་སྨི་3500ཙམ་ཟིན་པ་དང་། དེ་སྔའི་ཡུལ་སྐོར་བ་མང་བའི་དུས་ཚིགས་དེ་ཟླ་7པ་དང་8པར་ཡིན་ཞིང་། ཀན་སུའུ་ནས་མཚོ་སྔོན་བར་གྱི་སྐོར་ལམ་ཆེན་པོའི་ནང་ཡུལ་སྐོར་བ་མཐའ་མཚམས་བསྒྲལ་ནས་གཱ་ཐོ་འགོད་ཡུལ་ཡིན་པའི་མདོ་ལ་རྫོང་དུ་གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་400ལྷག་ཙམ་ཟིན་པར། ཁྱོན་ཉལ་ཁྲི་ཁྲི་2.3ལྷག་ཙམ་ཡོད་པ་དེ་དག་མཐའ་འཁོར་རྫོང་ཁོངས་ཀྱི་ཞག་སྡོད་འགན་ལེན་གྱི་རྨང་གཞི་ཅུང་ལེགས་པའི་ས་ཆར་གཏོགས་ཀྱི་ཡོད།

ད་ལོའི་རྒྱལ་སྟོན་གུང་གསེང་རིང་འགྲུལ་པ་མང་དུ་ཕྱིན་ཞིང་། འཁོར་ཁྲིད་ཡུལ་སྐོར་གྱི་ལམ་ཐིག“པེ་ཅིང་ནས་མདོ་ལ་བར་གྱི་གཞུང་ལམ་ཨང་9པ”མུ་མཐུད་སྐད་གྲགས་ཆོད་པ་དང་། གངས་རི་དང་། བྲག་དམར་མཛེས་ལྗོངས། ནགས་ཚལ་སོགས་སྟོན་དུས་ཀྱི་མཛེས་ལྗོངས་ཀྱིས་འཁོར་ཁྲིད་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། གངས་བབས་པ་དང་། རླངས་འཁོར་འགག་པ། ལམ་བར་དུ་གཱ་ཐོ་འགོད་པ་སོགས་ཀྱིས་རྐྱེན་པས། ཡུལ་སྐོར་བ་མི་ཉུང་བ་ཞིག་རྫོང་གྲོང་དུ་འབྱོར་སྐབས་ས་རུབ་པས། ཞག་སྡོད་བྱེད་མཁན་ཡུལ་སྐོར་བའི་གྲངས་འབོར་ཆེས་ཆེར་འཕར་ཡོད།

ཟླ་10ཚེས་3ཉིན། མདོ་ལ་རྫོང་དུ་རླངས་འཁོར་འགྲོ་འོང་བྱེད་ཚད་ཁྲི་3.5ཟིན་པ་དང་། གྲོང་ཁྱེར་ཆུང་ངུ་དེས་འགྲུལ་པ་གཅིག་སྡུད་ཆེ་བའི་དུས་བསུས་ཤིང་། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ལ་ཆུ་ཚོད་7ནང་ཞག་སྡོད་རོགས་སྐྱོབ་ཁ་པར་400ལྷག་ཙམ་འབྱོར་ནས་ཞག་སྡོད་བཀོད་སྒྲིག་གི་དཀའ་གནད་འཕྲད་ཡོད།

རེ་ཞུ་འབོར་ཆེན་འབྱོར་རྗེས་མདོ་ལ་རྫོང་གིས་འཕྲལ་སྡོམ་སྔོན་ཇུས་དང་། རིག་གནས་ཡུལ་སྐོར་དང་། སློབ་གསོ། འཕྲལ་སྡོམ། སྤྱི་བདེ་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་མི་ཤུགས་ལ་བརྟེན་ནས་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱས་པ་རེད།

མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཧྥེང་ལིང་ལིང་གིས། ད་ཐེངས་ཀྱི་འགྲུལ་པའི་གཞི་ཁྱོན་དེ་དུས་འགོའི་སྔོན་དཔག་ལས་བརྒལ་ཡོད། “ས་མཐོའི་མཚན་མོ་གྲང་ངར་ཆེ་བ་དང་དྲོད་ཚད་ཧ་ཅང་དམའ་བས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་རྒན་རྒོན་དང་ཕྲུ་གུ་འཁྲིད་དེ་ཕྱིར་སྐྱོད་ཀྱི་ཡོད་པས། གལ་ཏེ་ཕྱི་རོལ་དུ་ལུས་ན་བདེ་འཇགས་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། སྐབས་དེ་དུས་ང་ཚོས་དཀའ་ངལ་ཇི་ཙམ་འཕྲད་རུང་ངེས་པར་དུ་ཡུལ་སྐོར་བ་གྲང་ངར་ཆེ་བའི་དགུན་དུས་ཀྱི་མཚན་མོ་ཞག་སྡོད་ཐུབ་པའི་འགན་ལེན་བྱ་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཤད།

རོགས་སྐྱོར་རེ་ཞུའི་ཁ་པར་རྒྱུན་མཐུད་འབྱོར་བ་དང་། མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ལས་དོན་པ་ཡོངས་ཀྱིས་མཚན་གང་ལས་རེས་དང་། ཞུ་གཏུག་དང་ལེན། ཐོ་འགོད། ས་གནས་ས་ཐོག་གི་ཐག་གཅོད་བཅས་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཐོལ་བྱུང་གནས་ཚུལ་མགྱོགས་མྱུར་ཐག་གཅོད་ཐུབ་པ་དེ་ནི་ས་གནས་དེ་གའི་རྒྱུན་གཏན་གྱི་ཡུལ་སྐོར་ཞབས་ཞུའི་ཐད་ཀྱི་དུས་ཡུན་རིང་པོའི་གསོག་འཇོག་ལས་བྱུང་བ་ཞིག་རེད། དཔེར་ན། སྲིད་གཞུང་གི་སྒོ་རའི་ནང་ཡུལ་སྐོར་བར་རིན་མེད་ངང་རླངས་འཁོར་འཇོག་པ་སོགས་ཀྱི་དམངས་ཕན་བྱ་ཐབས་སྤྱད་པར་ཡུལ་སྐོར་བའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།