ལུའོ་ཏུང་ཁྲོན་གྱིས་སྔར་བས་ཤུགས་ཆེན་པོས་བརྟན་རླིང་ངང་འཕར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པར་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ10པའི་ཚེས9ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་གྱི་གཙོ་གནད་ལས་གཞི་དང་དཔལ་འབྱོར་བརྟན་རླིང་ངང་འཕར་བའི་བྱ་བར་རྟོག་ཞིབ་གནང་།

ཟླ10པའི་ཚེས9ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་དང་ཀན་ཧོ་བཟོ་ལས་གླིང་ཁུལ་དུ་རྣམ་གྲངས་གལ་ཆེན་དང་དཔལ་འབྱོར་བརྟན་རླིང་ངང་འཕར་བའི་ལས་དོན་ལ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་དོན་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། མ་འཇོག་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་འདེད། ཐོན་ལས་སྟོབས་ཆེར་གཏོང་བ། སྲིད་ཇུས་ལ་དམ་འཛིན་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ནན་མོ་བྱེད་པ། གཙོ་གནད་ས་ཁུལ་དང་ལས་རིགས། ཁེ་ལས་བཅས་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམིགས་ཚད་གཏན་འཁེལ་དང་འབད་འབུངས་ཡར་བརྩོན་བྱེད་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། སྔར་ལས་ཤུགས་ཆེན་པོས་བརྟན་རླིང་ངང་འཕར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པར་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་ཀན་ཧོ་བཟོ་ལས་གླིང་ཁུལ་ནུབ་རྒྱུད་གཏེར་ལས་ཚོགས་པའི་མཚོ་སྔོན་ཤང་ཧོ་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ཡོང་ནས། འཕྲུལ་མིའི་འཕྲུལ་ཆས་དཔུང་པས་རང་འགུལ་ངང་གཡོ་འགུལ་བྱས་ཏེ་ལས་སྒྲུབ་བྱེད་པ་དང་། ཁྱབ་ཚུལ་རྣམ་པའི་འོད་ཤུགས་ནུས་གྲོན་ཐཱན་ཆག དྭངས་གཙང་ལག་རྩལ་སྒྱུར་སྒྲིག་གི་སྒྲིག་བཀོད་ཁག་གཅིག་སྤྱོད་འགོ་ཚུགས་ནས་ཕན་འབྲས་ཐོན་པ་དང་། ལྗང་མདོག་རིམ་སྤོར་ཚུལ་སྒྱུར་གྱི་སྒུལ་ནུས་རྒྱུན་མཐུད་ངང་འདོན་སྤེལ་བྱས་པ་བཅས་ལ་གཟིགས། ཁོང་གིས་ཐོན་རྫས་ཀྱི་བཟོ་རྩལ་དང་། གྲངས་འཛིན་རིག་སྟོབས་ཅན་གྱི་སྒྱུར་བཀོད། ཐོན་ནུས་རིམ་འཇུག་རིམ་སྤོར་སོགས་ཀྱི་གནས་ཚུལ་འདྲི་རྩད་དང་ཤེས་རྟོགས་གནང་བ་མ་ཟད། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ལེགས་ཆ་འདོན་སྤེལ་བྱེད་པ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྐྱེད་སྲིང་བྱེད་པ། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཐོན་ཁུངས་རིན་ཐང་མཐོ་བའི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་བཅས་ཀྱིས་ལྗང་མདོག་ཐཱན་དམའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ལེགས་པོ་བྱེད་དགོས་པའི་སྐུལ་ལྕག་གནང་། འབྲེལ་ཡོད་ས་ཁུལ་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་འཇགས་དང་སྤུས་ཕན་མཐོར་འདེགས་གཏོང་རྒྱུར་ཞབས་འདེགས་ཞུ་བ་དང་འགན་ལེན་བྱས་ཏེ། བཟོ་ལས་རྐང་འཛིན་ཁེ་ལས་ཀྱིས་སྤྱི་ཁོག་སྲ་བརྟན་དུ་གཏོང་བ་དང་སྒུལ་ནུས་ཇེ་ཆེར་གཏོང་བར་རམ་འདེགས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན། 

པར་འདི་ནི་ལུའོ་ཏུང་ཁྲོན་གྱིས་ཀན་ཧོ་བཟོ་ལས་གླིང་ཁུལ་དུ་ནུས་རྒྱུ་གཙང་མའི་རྟེན་གཞིའི་ལས་སྐྲུན་ཡུལ་དངོས་སུ་རྟོག་ཞིབ་གནང་བའི་ཚུལ་རེད། 

ལུའོ་ཏུང་ཁྲོན་ཀན་ཧོ་བཟོ་ལས་གླིང་ཁུལ་དུ་གནས་པའི་མཚོ་སྔོན་ཧའེ་ནན་ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་རྟེན་གཞིའི(ཆ་སྡེབ)གློག་ཁུངས་རྣམ་གྲངས་བཟོ་སྐྲུན་བྱ་ཡུལ་དུ་ཕེབས་ནས། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལྟ་ཞིབ་གནང་བ་མ་ཟད། ཁེ་ལས་ཀྱི་འགན་འཁུར་བ་དང་གླེང་མོལ་གཏིང་ཟབ་བྱས་པ་རེད།   ཁོང་གིས་ནན་གྱིས་བསྟན་དོན། ནུས་རྒྱུ་གཙང་མའི་ཐོན་ལས་ནི་མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ཞིག་ཡིན་པས། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་གཏོད་པའི་འཐབ་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་ནན་མོ་བྱས་ཏེ། རྣམ་གྲངས་ཀྱི་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་ལས་ཕྱོད་ཆེ་བའི་སྐུལ་འདེད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་།   རྒྱུན་མཐུད་ངང་ནུས་ལྡན་མ་འཇོག་རྒྱ་ཆེར་བཏང་ནས། སྔར་ལས་མང་བའི་དོན་དངོས་ཀྱི་ལས་འབོར་ཆགས་པར་བྱེད་པ་དང་། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་ཀྱི་ཚད་ཤིང་ཧུར་ཐག་གིས་གཏོད་དགོས།  

པར་འདི་ནི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་ཀྱི་ཚོང་ཟོག་སྡོད་ཁང་འཛུགས་སྐྲུན་ཡུལ་དངོས་སུ་“སྡོད་ཁང་ཡག་པོའི”འཛུགས་སྐྲུན་དང་ཁྲོམ་རའི་བྲིན་འཚོང་སོགས་ཀྱི་གནས་ཚུལ་ལ་ཉན་པའི་ཚུལ་རེད། 

“སྡོད་ཁང་ཡག་པོའི”སྣེ་གཅིག་ནི་དཔལ་འབྱོར་གོང་འཕེལ་དང་།   སྣེ་གཞན་ཞིག་ནི་དམངས་འཚོ་ལེགས་བཅོས་ལ་འབྲེལ་ཡོད་པས། དེ་ནི་གྲོང་མིའི་སྤུས་ཚད་མཐོ་བའི་འཚོ་བའི་གཞི་རྟེན་གལ་ཆེན་ཞིག་ཡིན། མཁར་དཀྱིལ་ཆུས་ཀྱི་ཚོང་ཟོག་སྡོད་ཁང་རྣམ་གྲངས་གསར་སྐྲུན་བྱ་ཡུལ་ཞིག་ཏུ། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་སྡེ་ཁུལ་གྱི་འཚོ་བའི་བར་མཐོངས་ཁོར་ཡུག་ལ་ལྟ་ཞིབ་བྱས་པ་དང་།   དཔེ་མཚོན་ཁང་པར་བསྐྱོད་དེ་ཁང་དབྱིབས་ཇུས་འགོད་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། “སྡོད་ཁང་ཡག་པོ”འཛུགས་སྐྲུན་དང་ཁྲོམ་རའི་བྲིན་འཚོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་རེད།   ས་ཁང་ཁྲོམ་ར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་གནད་ལ་འཁེལ་བར་བྱས་ནས། ཡུལ་བབ་དང་བསྟུན་ནས་དེ་ལས་མང་བའི་བདེ་འཇགས་དང་།   སྐྱིད་སྣང་ཆེ་བ།  ལྗང་མདོག  རིག་ནུས་བཅས་ཀྱི་དེང་རབས་ཅན་གྱི་ས་མཐོའི་ཁྱད་ཆོས་ལྡན་པའི“སྡོད་ཁང་ཡག་པོ”གོ་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་མཁོ་སྤྲོད་ལ་བརྟེན་ནས་འཛད་སྤྱོད་དགོས་མཁོ་གསར་པ་གློད་གྲོལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་དང་། དཔལ་འབྱོར་བརྟན་རླིང་ངང་འཕར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངོས་གནས་རོགས་སྐྱོར་བྱེད་དགོས་པར་ནན་གྱིས་བསྟན། 

ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཀྲུའུ་ཞང་ཧྥིན་ཞུགས། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།