ཟླ10པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་གྱི་གསུང་བཤད་གལ་ཆེན་དང་། ཤིས་འཕྲིན་གལ་ཆེན། འཕྲིན་ལན་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དེ་དགོངས་པ་གཏིང་ཟབ་ཅིང་། རྔམ་ཟིལ་ལྡན་པ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འབད་པས་བསྐྱོད་པར་ཡིད་ཆེས་དང་སྟོབས་ཤུགས་བླ་མེད་བསྩལ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་དོན་སྙིང་ལ་ངེས་ཤེས་ཟབ་མོ་ལོན་དགོས་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བསྒྲུབ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་དམིགས་འབེན་དང་ཐབས་ལམ་ལ་དམིགས་ཤིང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། འཆར་འགོད་དཔེ་རིས་འབྲི་ཐག་ཆོད་པར་བྱས་ནས། དོན་འཁྱོལ་དམ་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པར་ཤིས་འཕྲིན་གལ་ཆེན་བསྐུར་བ་དང་། སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པ་ལས། བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། དག་གཙང་ནུས་ཁུངས་དང་ཚྭ་མཚོའི་རྫས་འགྱུར་བཟོ་ལས་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ། ཐོན་ལས་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་དང་། མཁོ་སྤྲོད་མཉམ་འགུལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཤེས་ཡོན་ཅན་དང་། རྩལ་ནུས་ཅན། གསར་གཏོད་ཅན་བཅས་ཀྱི་ངལ་རྩོལ་པའི་དཔུང་ཆེན་འཛུགས་སྐྱོང་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྩལ་ནུས་ལ་བརྩི་འཇོག་དང་། རྩལ་ནུས་ལ་བརྩི་མཐོང་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས"རྒྱལ་དོན་གྱི་ཆེ་ཕྱོགས"བློ་ལ་བཅངས་པ་དང་། མཐོ་སྒང་དུ་རྩ་བ་ཚུགས་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་གདོང་ལེན་མིག་དཔེ་བྱེད་པ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་བཅས་འཛུགས་སྐྱོང་བྱེད་པའི་ཁྲོད་མཚོ་སྔོན་གྱི་འགན་ཁུར་མངོན་པར་འབད་བརྩོན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚྭ་མཚོ་དང་། ནུས་ཁུངས་གསར་པའི་སྒྲིག་ཆས་སོགས་དགེ་མཚན་ཐོན་ལས་འདུས་ཚོགས་ཇེ་དྲག་དང་། གནད་འགག་གི་ལག་རྩལ་འགག་སྒྲོལ་ཇེ་དྲག་ཏུ་བཏང་ནས། ལྗང་གློག་གི་ཐུན་མིན་ཁྱད་ཆོས་ལེགས་པར་བཀོལ་ཏེ། རྒྱལ་ཁབ་རིམ་པའི་ལྗང་མདོག་རྩིས་ནུས་རྟེན་གཞི་དང་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་གྱུར་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་པ་བཅས་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་གཞི་རིམ་བྱ་བའི་བྱ་ཐབས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་ལས་དོན་སྤེལ་བའི་བྱེད་ཐབས་གཙོ་བོར་བརྩིས་ནས། གཞི་རིམ་ལ་མཐོང་ཆེན་བྱེད་པའི་མི་སྤྱོད་ཕྱོགས་སྟོན་ཆགས་པ་དང་། གཞི་རིམ་གྱི་ལས་ཀའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། གཞི་རིམ་གྱི་ལས་ཀའི་ནུས་པ་ཆེ་རུ་བཏང་སྟེ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་གྱི་འགལ་བ་འདུམ་སེལ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་རྣམ་པ་འཐུས་ཚང་དུ་བཏང་ནས། ཁྱབ་ཁོངས་ཁག་གི་གཞི་རིམ་རྩ་འཛུགས་དེ་ཆབ་སྲིད་ཀྱི་ནུས་པ་ཆེ་བ་དང་། ནུས་པ་འདོན་སྤེལ་ཆེ་བའི་འཐབ་འཛིང་བཙན་རྫོང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་རོགས་སྐྱོར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཞིང་ཆེན་དང་སློབ་གྲྭས་རེས་སྐོར་གསར་པའི་འཐབ་ཇུས་མཉམ་ལས་གྲོས་ཡིག་བཞག་པ་གོ་སྐབས་སུ་བྱས་ཏེ། རོགས་སྐྱོར་ལས་དོན་གྱི་རྐྱེན་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། དག་གཙང་ནུས་ཁུངས་དང་། སྐྱེ་ཁམས་སྲུང་སྐྱོབ། ལྗང་མདོག་རྩིས་ནུས། ཚྭ་མཚོ། མཐོ་སྒང་གསོ་རིག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ལ་ནུས་པ་བསྩལ་ནས། ཁ་གཏད་རོགས་སྐྱོར་དང་སྤེལ་རེས་མཉམ་ལས་དེ་རིམ་པ་ཇེ་ཟབ་དང་། ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།
གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།