ཟླ10པའི་ཚེས8ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་འཕྲལ་མར་ལས་གནས་སྟེང་ཞུགས་ཏེ། སྟོབས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། བློ་བརྟན་འགྱུར་མེད་སྒོས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོ་རྩོམ་པར་འགན་ལེན་བྱེད་དགོས་པའི་སྐུལ་སློང་བྱས།
གྲོས་ཚོགས་ལས་བསྟན་དོན། ད་ལོའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ཏེ་གཅིག་འདོམས་ལེགས་པོ་དང་། ཚན་རིག་དང་མཐུན་པའི་བཀོད་གཏོང་། གནད་འཁེལ་ཤུགས་འདོན་བཅས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་གཏན་འཇགས་དང་བརྟན་ཐོག་ལེགས་འཕེལ་ཡོང་བའི་གནས་བབ་ལེགས་པོ་སྲུང་འཛིན་བྱས། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་བོའི་བྱ་བའི་གནད་འགག་གི་དུས་སྐབས་ཡིན་ཞིང་། ལོ་ཧྲིལ་བོའི་གྲུབ་འབྲས་གཏན་འཁེལ་དང་སྤྱི་ཡོངས་ལ་འགན་སྲུང་བྱེད་པའི་མཇུག་བསྡུའི་དུས་ཚིགས་ཡིན་པར་མ་ཟད། སང་ལོར་ཇུས་འགོད་དང་གོ་སྐབས་བརྩོན་ལེན་གྱི་གནད་འགག་དུས་སྐབས་ཀྱང་ཡིན་པས། ངེས་པར་དུ་འབད་འཐབ་ཆེན་པོས་མཇུག་བསྡུ་བ་དང་འགོ་རྩོམ་པའི་རང་འགུལ་དམག་འཐབ་བཟང་བོར་རྒྱག་དགོས་པ་དང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ལས་འགན་སྣ་ཚོགས་ལེགས་པར་བསྒྲུབ་ནས་ཏང་ཀྲུང་དབྱང་ལ་རྒྱུགས་ལན་ཡག་པོ་སྤྲོད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཏུ་བརྩི་བ་དང་། ཀྲུང་དབྱང་གི་སྐོར་ཞིབ་དང་རྩིས་བཤེར་ཐད་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་ཟབ་མོ་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཁོར་སྐྱོད་ཀྱི་གཞི་རྩ་བརྟན་པོ་ཡོང་བར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ། དཔལ་འབྱོར་འཁོར་རྒྱུག་གི་རྒྱུན་རྣམ་ཅན་གྱི་བཀོད་གཏོང་ལ་ཤུགས་སྣོན་པ། ནོར་སྲིད་འགྲོ་སོང་གི་འཕེལ་ཚད་དང་བཀོལ་སྤྱོད་ཕན་ནུས་ཆེ་རུ་གཏོང་བར་གཅིག་འདོམས་བྱེད་པ། ཚོང་འགུག་དངུལ་འདྲེན་ལ་ཤུགས་སྣོན་པ། བྱེད་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་ཀྱི་བག་ཤུགས་ཆེ་རུ་བསྐྱེད་པ་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་རྒྱལ་དོན་ཆེ་ཕྱོགས་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོར་འཁུར་ནས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་གནད་དོན་ལ་ཁ་གཏད་དེ། འབྱུང་ཁུངས་ལྟ་ཞིབ་དང་སྟོབས་ཤུགས་གཅིག་བསྡུས་སྒོས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་པ། སྐྱེ་ཁམས་གཙོ་གནད་ལས་གཞི་བདེ་བླག་ངང་མཇུག་བསྡུ་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས། བརྩེ་སེམས་ལྡན་ཞིང་ནུས་ཤུགས་ཡོད་པའི་སྒོ་ནས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། དམངས་འཚོའི་ཚད་མཐའ་བརྟན་སྲུང་བྱེད་པ། དམངས་འཚོའི་ཚོང་རྫས་གལ་ཆེན་གྱི་མཁོ་འདོན་ལ་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པ། གཞི་རྩའི་སྤྱི་བའི་ཞབས་ཞུའི་མཁོ་འདོན་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ་བཅས་བྱས་ཏེ། ངེས་པ་དོན་གྱིས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས་རྐྱེན་སྲོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཆེད་དོན་ཚན་ཁག་གི་བྱེད་ནུས་སྔར་ལས་འདོན་སྤེལ་བྱེད་པ། སྔར་ལས་མང་པོའི“གནས་བརྒལ་དཔལ་འབྱོར”མཉམ་ལས་རྣམ་པ་རྒྱ་བསྐྱེད་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བཅས་བྱས་ཏེ། སྲིད་ཇུས་དང་ལས་གཞི། མ་དངུལ་བཅས་སྔར་ལས་མང་པོ་མཚོ་སྔོན་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་བདེ་འཇགས་གཏན་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ་དང་། སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་དམ་འཛིན་བྱས་ཏེ། གྲང་ངར་ཆེ་ཞིང་ཁངས་ཆར་འབབ་ཚད་མང་བའི་གནམ་གཤིས་ལ་འགོག་ཟོན་བྱེད་དགོས། ཡིག་སྐུར་ངོ་བཅར་བྱ་བའི་ཁྲིམས་སྐྱོང་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ནན་ཏན་སྒོས་སྤེལ་ཏེ་སྟོབས་ཤུགས་ཡོད་རྒུས་བདེ་འཇགས་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྗེས་སུ་དམ་པོར་འབྲངས་པ་དང་། སྔོན་ལྟའི་རང་བཞིན་ལྡན་པའི་སྒོ་ནས་སང་ལོའི་བྱ་བ་གཙོ་བོར་ཇུས་འགོད་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལག་བསྟར་དང་འབྲེལ་བའི་བྱ་བར་སྐུལ་འདེད་ནན་མོ་གཏོང་བ། སྲིད་ཇུས་གལ་ཆེན་དང་ལས་གཞི་གལ་ཆེན། བཅོས་སྒྱུར་གལ་ཆེན་བཅས་ཐད་ཀྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བྱེད་པོའི་འགན་འཁྲི་ལེགས་པོར་འཁུར་ཏེ་མྱུར་དུ་འགུལ་སྐྱོད་སྤེལ་བ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དམིགས་འབེན་ལ་དམ་པོར་དམིགས་པ། བྱ་བ་གཙོ་བོར་གནད་འཁེལ་བཀོད་གཏོང་དང་། ལྟ་སྐུལ་དང་རོགས་སྐྱོར་གཞི་གཅིག་ཅན། སྒྲིལ་ཤུགས་གཅིག་སྡུད་བཅས་ལ་དམིགས་ཏེ། སྔར་ལས་ནུས་ཡོད་ཀྱི་བྱེད་ཐབས་དང་དཔའ་ངར་ཆེན་པོས་དུས་ཚིགས་བཞི་པ་དང་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་བཅས་ཀྱིས་སོ་སོར་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། གྲོས་ཚོགས་བརྙན་རིས་བརྒྱུད་དེ་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།