ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་གསུངས་པའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། ཤིས་འཕྲིན་གལ་ཆེན་དང་། འཕྲིན་ལན་གྱི་དགོངས་དོན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དང་། སྐྱེ་ཁམས་སྲུང་སྐྱོབ། ཁོར་ཡུག་བཅོས་སྐྱོང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ། ཆུའི་ཐོན་ཁུངས་དོ་དམ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ77འགོར་བའི་རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་ཁོང་དུ་བརྟན་པོར་ཆུད་པ་དང་། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས"སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་། མཚོ་སྔོན་གྱི་ནུས་པར་དམིགས་ནས། སེམས་ནུས་གཅིག་སྒྲིལ་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། "སྔར་ལས་བཞིའི"དམིགས་འབེན་གཏན་འཁེལ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པར་སྤྲིངས་པའི་ཤིས་འཕྲིན་གལ་ཆེན་དང་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ལག་ཤེས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། "མཚོ་སྔོན་གྱི་ལག་ཤེས་པ"དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་དང་། ཐོན་སློབ་ཞིབ་སྤྱོད་བཅས་མཐུན་སྦྱོར་གྱིས་གསར་གཏོད་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་ཞུ་དང་འདེགས་སྐྱོར་སྔར་ལས་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། དེང་རབས་གྲོང་གསེབ་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་དབུལ་ཐར་མང་ཚོགས་ཀྱི་ལས་གནས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དང་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་གཟབ་ནན་ངང་སྐུལ་འདེད་བཏང་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་བར་མི་འཇུག་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ཟླ9པའི་ཚེས28ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  གྲོས་ཚོགས་ལས་སྟོབས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པའི་བྱ་བ་གཙོ་བོ་ལེགས་པར་བསྒྲུབ་པ་དང་བསགས་གྲངས་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ལ་སྐུལ་འདེད་ནན་མོ་གཏོང་བ།  ལས་ཡུན་དམ་འཛིན་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ།  འཛད་སྤྱོད་སླར་གསོའི་རྣམ་པ་རྒྱུན་འཁྱོངས་བྱེད་པ།  སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལས་དོན་དམ་འཛིན་ལེགས་པོ་བྱེད་པ།   དམངས་འཚོ་དང་བདེ་འཇགས་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་གཅིག་འདོམས་སྒོས་ལེགས་པར་བསྒྲུབ་པ།   དཔལ་འབྱོར་རྒྱུན་མཐུད་ངང་གསར་ཕྱོགས་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འགོ་ལེགས་པོ་རྩོམ་དགོས་ཞེས་ནན་གྱིས་བསྟན།  

གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རབ་མཛེས་མཚོ་སྔོན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།  སྟོབས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་པ།  སྲ་གཟུགས་སྙིགས་རོའི་སྦགས་བཙོག་ལ་བཀག་སྡོམ་ཚོད་འཛིན་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཛུགས་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།  

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་བཅོས་དགོངས་པ་དང་ཆུ་བཅོས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་རང་བཞིན་གྱི་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ཀྱི་དཔྱད་ཞིབ་ཕྱིར་ལྡོག་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱས་ནས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས།

གྲོས་ཚོགས་ཐོག《མཚོ་སྔོན་ཞིང་ཆེན་གྱི་སྲ་གཟུགས་གད་སྙིགས་སྦགས་བཙོག་འགོག་བཅོས་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གོ་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱས་པ་དང་། 《ཞིང་ཆེན་ཡོངས་སུ་ཞིང་སྤྱོད་ས་ཁུལ་གྱི་ཕྱོགས་བསྡུས་ས་རིན་བསྡུ་རྒྱུའི་སྐོར་གྱི་བརྡ་སྦྱོར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།