ཟླ10པའི་ཚེས7ཉིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཐེམ་ཆེན་ཡན་ལག་དོ་དམ་ཅུས་ཀྱིས་ཉིན་གཅིག་གི་སྔོན་ལ་བདག་མེད་དུ་ལུས་པའི་གསའ་ཕྲུག་ཞིག་བསྐྱབས་པ་དེ། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས་ལ་སྤྲད་ནས་ཆེད་ལས་ཀྱི་སྨན་བཅོས་དང་གསོ་སྐྱོང་བྱས།
ཟླ10པའི་ཚེས6ཉིན། ཐེམ་ཆེན་དོ་དམ་ཡན་ལག་ཅུས་མཁར་དམར་སྲུང་སྐྱོང་ས་ཚིགས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་ཞིག་གིས་ཉིན་རྒྱུན་གྱི་སྐོར་ཞིབ་བྱེད་སྐབས། ལུང་མདོའི་ཆུ་ཕྲན་ཞིག་གི་འགྲམ་ནས་བདག་མེད་དུ་ལུས་པའི་གསའ་ཕྲུག་ཞིག་མཐོང་། རྒྱང་རིང་ནས་དུས་ཡུན་རིང་པོར་ལྟ་ཞིབ་བྱས་པ་བརྒྱུད། གསའ་ཕྲུག་དེའི་རྣམ་རིག་མི་གསལ་ལ། འགུལ་སྐྱོད་ཀྱི་སྟོབས་ཤུགས་མེད་པ་དང་། རང་བརྟེན་གྱིས་ཁ་ཟས་འཚོལ་མི་ཐུབ་པ་ཞིག་རེད། ཧ་ལམ་གནས་སྤོའི་ཁྲོད་ལུས་སྟོབས་ཟད་ནས་རྗེས་མ་ཆོད་པ་འདྲ་ལ། འཁྱག་ཤི་རྒྱག་པ་དང་། དགྲ་ཡིས་འཇབ་རྒོལ་བྱེད་པ། ཁ་ཟས་དཀོན་པ་སོགས་ཀྱི་ཉེན་ཁར་འཕྲད་འདུག། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་དང་ཁོར་ཡུག་སྲུང་སྐྱོང་དང་བླངས་པས་མཉམ་འབྲེལ་བྱས་ཏེ། རི་སྐྱེས་སྲོག་ཆགས་འཕྲལ་སྡོམ་ཐག་གཅོད་ཀྱི་ཚད་གཞི་བརྩི་སྲུང་ནན་མོ་བྱས་ཏེ་ཡུལ་དངོས་ཀྱི་སྲུང་སྐྱོབ་དང་། གནས་ཚུལ་ཟིན་ཐོར་འགོད་པ། རིམ་པ་བཞིན་ཡར་ཞུ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ།
སྙན་ཞུ་འབྱོར་རྗེས་ཐེམ་ཆེན་དོ་དམ་ཡན་ལག་ཅུས་ཀྱིས་མགྱོགས་མྱུར་ངང་ཕྱིར་ལན་དང་ཚན་རིག་དང་མཐུན་པའི་ཐག་གཅོད་བྱས་ཏེ། འཕྲལ་དུ་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས་དང་འབྲེལ་གཏུག་བྱས་པ་དང་། སྲོག་ཆགས་ཀྱི་ལུས་པོའི་རྟགས་མཚན་དང་ས་ཁམས་ཀྱི་གནས་ཡུལ། ཉེ་འགྲམ་ཁོར་ཡུག་སོགས་ཀྱི་ཆ་འཕྲིན་ཆ་ཚང་བར་ཡར་ཞུ་བྱས་ཏེ། ཆེད་ལས་ཀྱི་ཐག་གཅོད་བསམ་འཆར་བསྡུ་ལེན་བྱས། མཐོ་སྒང་གི་མཚན་མོའི་གྲང་ངར་ཆེ་བ་དང་རི་ཐང་དུ་ཉེན་ཁ་ཆེ་བར་གཞིགས་ནས། ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་སྐྱེ་ཁམས་བདག་སྐྱོང་པས་གསའ་ཕྲུག་དེ་གནས་སྐབས་བདེ་འཇགས་ཁུལ་དུ་གནས་སྤོ་བྱས་པ་དང་། མཚན་གང་བོར་ལས་རེས་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས། དེའི་ཕྱི་ཉིན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་ཆེད་མཁས་པ་ཡུལ་དངོས་སུ་འབྱོར་བ་དང་། གསའ་ཕྲུག་ལ་ལུས་པོའི་བརྟག་དཔྱད་ཆ་ཚང་དང་བདེ་ཐང་དཔྱད་དཔོག་བྱས་ཏེ། གཏན་འབེབས་ལྟར་ཆ་འཕྲིན་ཐོ་འགོད་དང་། རྒྱུ་ཆ་གསོག་ཉར། རྩིས་སྤྲོད་རྩིས་ལེན་བཅས་ཀྱི་འགྲོ་ལུགས་ལེགས་པོར་སྒྲུབ་ནས། མ་ལག་རང་བཞིན་གྱི་སྲོག་སྐྱོབ་སྨན་བཅོས་དང་ཁམས་གསོའི་སྦྱོང་བརྡར་བྱས།
གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་ཡིན་ལ། མཐོ་སྒང་གི་མདུན་བདར་སྲོག་ཆགས་དང་སྲུང་སྐྱོབ་སྲོག་ཆགས་ཡིན་པར་ཡིན་པར་མ་ཟད། གྲང་ངར་ཆེ་བའི་མཐོ་སྒང་གི་སྐྱེ་ཁམས་མ་ལག་བདེ་འཇགས་བརྟན་ལྷིང་ཡིན་པའི་མཚོན་བྱེད་རང་བཞིན་གྱི་རིགས་དངོས་ཤིག་ཀྱང་ཡིན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཐེམ་ཆེན་ཁོངས་གཏོགས་ས་ཁུལ་ནི་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་གནད་འགག་གི་སྐྱེ་ཁམས་འཁྱམ་ར་རུ་གནས་ཡོད་པས། ཐུན་མོང་མ་ཡིན་པའི་མཐོ་སྒང་གྲང་རེག་གི་རུ་ཁུལ་དང་རྩྭ་ཐང་གི་བརླན་ས་བཅས་ཀྱིས་གསའ་འཚོ་སྡོད་དང་སྐྱེ་འཕེལ། གནས་སྤོ་བཅས་ལ་ཁོར་ཡུག་བཟང་པོ་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ཆུའི་ཐོན་ཁུངས་ཀྱི་གསོ་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། གསའ་དང་གནའ། གླ་བ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་བོ་མཐོང་ཐུབ་ལ། སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་རིམ་བཞིན་མངོན་གསལ་དུ་གྱུར།