ད་ལོ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཀྱི་ལྷུ་ཚིགས་ཞན་སར་དམིགས་ཏེ། ཆུ་བེད་དང་འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་མང་པོའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ནས། དུས་ཚིགས་རང་བཞིན་གྱི་ཆུའི་སྤུས་ཚད་འཕར་ཆག་གི་དཀའ་གནད་སེལ་ཏེ། འབྱུང་རྩ་བཅོས་སྐྱོང་དང་མཉམ་འགུལ་དོ་དམ་ཚོད་འཛིན། ལས་གཞིའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ། རོང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་ནས། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་སྲུང་སྐྱོབ་ནུས་ལྡན་བྱས། ཟླ10པའི་ཚེས6ཉིན་བར་དུ། ཆུ་མཁོ་འདོན་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་གཙོ་བོ་ལྔ90%ཡོངས་འགྲུབ་བྱས་ཟིན་པ་དང་། མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གཉིས་ཁྲི་བརྒྱད་བཏང་བའི་ཆུ་མཁོ་འདོན་དུག་སེལ་གྱི་མ་ལག་ཚང་གི་སྒྲིག་ཆས་ཚོད་ལྟའི་ངང་སྤྱོད་མགོ་བརྩམས་ཏེ། རོང་འབྲོག་ཁུལ་གྱི་ཆུ་སྤུས་དུག་སེལ་གྱི་ཞན་ཆ་ཁྱོན་ཡོངས་ནས་ཁ་གསབ་བྱས་ཡོད།
རྨ་ལྷོ་ཁུལ་གྱིས་ཆུ་ཁུངས་བདེ་འཇགས་ཀྱི་འགག་རྩར་དོ་སྣང་ཆེན་པོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཆུ་ཁུངས་སྲུང་སྐྱོང་གི་ཆེད་དོན་བཅོས་སྒྲིག་བྱས་ནས། ཁོངས་གཏོགས་ཁུལ་གྱི་ཆུ་རྫིང་གཙང་སེལ་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། འཐུང་ཆུ་ལ་སྦགས་བཙོག་ཐེངས་གཉིས་པ་ཐེབས་པ་གཏན་འགོག་བྱས། ཆུ་མགོའི་འགོག་སྲུང་སྒྲིག་ཆས་ཉམས་གསོ་དང་བདེ་འཇགས་ཉེན་བརྡའི་མཚོན་རྟགས་ཁ་སྣོན་བྱས་པ་བརྒྱུད། ཆུ་མགོའི་ས་ཁམས་དངོས་ལུགས་ལོགས་བཀར་གྱི་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་བའི་དུས་མཚུངས་སུ། ཁུལ་ཡོངས་ཀྱི་ཆུ་འདྲེན་མདོ་ཁར་དྲ་འདྲེན་རྣམ་པའི་གྲལ་བཤེར་བྱས་ནས། སྦུག་དྲའི་ནང་ཕུང་གསོག་ཐེབས་པའི་དངོས་པོ་གཙང་སེལ་དང་། ཆུ་མཁོ་འདོན་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་པ་ཉམས་གསོ་བཅས་བྱས་ཏེ། ཆུ་མཁོ་འདོན་གྱི་སྦྲེལ་ལམ་ཤར་གཏོང་ཐུབ་པར་བྱས་ནས། འབྱུང་རྩ་ནས་རོང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་བྱེད་ཚད་བརྟན་པོ་དང་གཙང་མ་ཡོང་བར་འགན་ལེན་བྱས།
སྡེ་ཁག་མཉམ་འགུལ་གྱི་ཁ་ཟུམ་དོ་དམ་ཚོད་འཛིན་ལམ་སྲོལ་རྒྱུན་མཐུད་འཐུས་ཚང་དུ་བཏང་ནས། ཆུ་བེད་དང་འཕྲོད་བསྟེན་བདེ་ཐང་མཉམ་འགུལ་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཆུ་སྤུས་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་པ་དང་། ཆུ་ཆུང་དུས་དང་ཆུ་རྒྱས་དུས་དགར་ནས་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ཆུ་སྤུས་འཕར་ཆག་ཆོས་ཉིད་ལ་གནད་ཁེལ་བརྡར་གཅོད་དང་བདེ་འཇགས་འགལ་རྐྱེན་ལ་གྲལ་བཤེར་བྱས། གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་རྩིས་ཐོ་ཅན་དང་ཨང་གྲངས་ཕྱིར་འཐེན་རྣམ་པའི་དག་ཐེར་ལེགས་བཅོས་བྱས་ཏ། སྦུག་ལམ་གཙང་འཁྲུད་དང་སྒྲིག་ཆས་ཞིབ་བཤེར་བཟོ་བཅོས། ཆུ་ཁུངས་བདག་སྐྱོང་སོགས་གནད་ལ་འཁེལ་བའི་བྱེད་ཐབས་སྤྱད་དེ། དུས་ཚིགས་རང་བཞིན་གྱི་ཆུ་སྤུས་བདེ་འཇགས་ཉེན་ཁ་གཙང་སེལ་བྱས།