ཉེ་ལམ། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་དེ་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱེད་པའི་ལས་གཞི་དང་གཞི་རིམ་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ། ཐེངས་འདིའི་གསོ་སྦྱོང་དུས་རིམ་གསུམ་ལ་དབྱེ་ཡོད་པ་དང་། རྫོང་ཡོངས་ཀྱི་སྡེ་བ་བརྒྱ་དང་དྲུག་ཅུའི་ཏང་རྩ་འཛུགས་ཀྱི་རོང་འབྲོག་ཏང་ཡོན་ཉིས་བརྒྱ་བཞི་བཅུར་ཁེབས་ཡོད་ལ། གྲོང་གསེབ་དར་སྤེལ་ཐད་གསར་བརྗེའི་སྒུལ་ཤུགས་བསྣན།
ད་ལོའི་ཚུན་ལ། ཞུན་ཧྭ་རྫོང་གིས་ཏང་ཡོན་སློབ་གསོའི་གསོ་སྦྱོང་གཅིག་འདོམས་ཀྱིས་འཆར་འགོད་བྱས་པ་དང་། རོང་འབྲོག་པའི་ཏང་ཡོན་གྱི་དགུན་དཔྱིད་རེས་སྐོར་གསོ་སྦྱོང་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གསར་བའི་གསོ་སྦྱོང་། ཏང་ནང་དུ་ཞུགས་པའི་བརྩོན་སེམས་ཅན་དང་ཏང་དོན་ལས་སྒྲུབ་པའི་གསོ་སྦྱོང་སོགས་རིམ་ལྡན་སྒོས་སྤེལ། ཐེངས་འདིའི་གསོ་སྦྱོང་ལ་སྡེ་ཁག་སོ་སོའི་ལས་སྒོའི་རྐང་འཛིན་པ་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕུལ་བྱུང་ཅན་གཅིག་ཏུ་འདུས་ཡོད་ལ། སློབ་ཁྲིད་ནང་དོན་དེ་གཞི་རིམ་ཏང་ཡོན་གྱི་ནུས་པའི་མི་འདང་ས་དང་གྲོང་གསེབ་དར་སྤེལ་གྱི་དགོས་མཁོར་གཞིགས་ནས། བདེ་འཇགས་འཛུགས་སྐྲུན་དང་མི་རིགས་ཆོས་ལུགས་ལས་དོན། གཞི་རིམ་མང་ཚོགས་ཞབས་ཞུ། ཞིང་སྡེའི་དངུལ་གསུམ་དོ་དམ་སོགས་ཀྱི་ལག་ལེན་སློབ་སྦྱོང་བྱས་པ་དང་། ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་གྱི་ལས་གནས་རྗེས་འདེད་ཞིབ་སློབ་ལ་ཞུགས་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཡུལ་དངོས་ནས་ཉམས་མྱོང་བརྗེ་རེས་བྱས་ཏེ། གཞུང་ལུགས་སློབ་ཁྲིད་དང་གཞི་རིམ་ཉམས་མྱོང་བརྗེ་རེས་མཉམ་འདྲེས་བྱས།
གསོ་སྦྱོང་ལ་ཞུགས་པའི་ཏང་ཡོན་གྱིས་བསྟན་དོན། གསོ་སྦྱོང་དེ་འགོ་རྩོམ་ས་གསར་བར་བྱས་ནས། མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཀྱིས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། དམངས་འདོད་བཅར་འདྲི་དང་འགལ་བ་འདུམ་འགྲིག ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་བའི་ཁྲོད་རང་འགུལ་གྱིས་ཞུགས་ཏེ། ཞུན་ཧྭ་རྫོང་གི་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན།