ཟླ9ཚེས29ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་གསར་བརྗེའི་བྲོ་གར་ཐོག་མ་དེ་རྒྱལ་ཁའི་ངང་གཟིགས་འབུལ་བྱས། ཟློས་གར་འདི་ནི“དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་རྒྱུ”བརྗོད་བྱ་གཙོ་བོར་བྱས་ཡོད། ཡིད་དབང་འགུག་པའི་ཞབས་བྲོའི་ཉམས་འགྱུར་ལས་གསར་བརྗེའི་སྔོན་བྱོན་པ་ཚོས་ཀོས་ནན་ས་གཞི་ཆེ་མོ་རུ་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ལམ་བུ་ཡང་བསྐྱར་གསོན་ཉམས་དོད་པོས་མངོན་པ་དང་། ལྟད་མོ་བ་རྣམས་ལ་སེམས་འགུལ་ཐེབས་པའི་གསར་བརྗེའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་ཕུལ།
ཞབས་བྲོའི་བྲོ་གར《མིན་ཧིའི་བསྟོད་གླུ》ཞེས་པ་དེ་མང་རྫོང་ཐར་ཤུལ་ཞང་འབའ་ཚང་ཞིང་ར་རྒྱབ་ལྗོངས་སུ་བྱས་ཡོད་པ་དང་། བཅིངས་འགྲོལ་དམག་གི་བརྒྱ་ཤོག་ལྔ་པའི་སློབ་སྟོན་གཞོན་པ་མིན་ཧི་དང་དེའི་བཟའ་ཟླ་ཀྲང་ཧྥེང་དབྱིང་དང་བོད་རིགས་ན་གཞོན་ཆུང་ཆུང་བཀྲ་ཤིས་སོགས་མི་སྣ་གཙོ་བོའི་གཏམ་རྒྱུད་བརྗོད་ཡོད་ལ། བྲོ་གར་གྱི་ནང་དོན་དེ་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་བཅིངས་འགྲོལ་དམག་གི་བརྒྱ་ཤོག་ལྔ་པ་མཐོ་སྒང་ལ་ཡོང་སྟེ། དམག་དམངས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་ས་རྒོད་སློག་པ། “མིན་སྦྲེལ་ཟམ་པ”འཛུགས་སྐྲུན་དང་སེར་བའི་གནོད་སྐྱོན་འགོག་པ་དང་། དམག་དམངས་གཅིག་སེམས་གཅིག་ལ་འདྲེས་པའི་བརྩེ་དུང་ཟབ་མོ་མཚོན་པར་བྱས་ཡོད།
1969ལོར། བློ་མཐུན་མིན་ཧི་ཡིས་སེར་འགོག་མེ་ཤུགས་འཕུར་མདའ་ཞིབ་བཟོ་བྱེད་སྐབས་འཐབ་གྲོགས་ལ་འགེབས་སྲུང་བྱས་ཏེ་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་བ་དེས་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་ལྷག་བསམ་རྣམ་དག་མངོན་པར་མཚོན་ཡོད། མཇུག་ཏུ། ནར་སོན་པའི་བཀྲ་ཤིས་དང་དམག་མི་རྒན་པ་རྣམས་སླར་ཡང་ཐང་ཆེན་དུ་ལོག་ནས་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་རེད། བྲོ་གར་ནང་། གར་སྟེགས་ཇུས་འགོད་དང་རོལ་དབྱངས་སྒྲིག་སྦྱོར་གྱིས་ས་གནས་ཀྱི་ཁྱད་ཆོས་དང་བརྗོད་བྱ་གཙོ་བོར་ཟུང་འབྲེལ་ལེགས་པོ་བྱས་པ་དང་། གྱོན་ཆས་དང་འཁྲབ་ཆས་ཕུན་སུམ་ཚོགས་པ་སྤྱད་དེ་སྐབས་དེ་དུས་ཀྱི་ལོ་རྒྱུས་ཀྱི་རྣམ་པ་སླར་གསོ་བྱེད་པར་སྒྱུ་རྩལ་གྱི་ཡིད་དབང་འགུག་ནུས་ཆེན་པོ་ལྡན་ཡོད།
《མིན་ཧིའི་བསྟོད་གླུ》ཞེས་པ་དེ་དཔའ་བོའི་མཛད་རྗེས་ལ་བརྩེ་དུང་ཟབ་མོ་བཅངས་པ་ཞིག་ཡིན་པ་མ་ཟད། ཀོས་ནན་རྫོང་གིས་རང་ཡུལ་གྱི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གསར་གཏོད་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན། བྲོ་གར་དེ་ཐོག་དང་པོར་འཁྲབ་སྟོན་བྱས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུར་སྔར་ལས་སྐུལ་མ་ཐེབས་པར་མ་ཟད་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།