ཝུའུ་ལན་གྱི་ཁྱིམ་ཚང་གཅིག་ལ་དམངས་སྲོལ་མགྲོན་ཁང་གཅིག་གི་ཐོན་ལས་ཀྱིས་དམངས་སྲོལ་མགྲོན་ཁང་བཞི་བརྒྱ་ཉེར་དྲུག་ལ་སྐུལ་ཁྲིད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ10པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་གནས་ཚུལ་ལྟར་ན། ཚྭ་ཁ་ཚྭ་མཚོའི་སྲོག་ཤིང་རིག་གནས་ཡུལ་སྐོར་གྱི་དགེ་མཚན་ལ་བརྟེན་ནས། ཝུའུ་ལན་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་གཙོ་ཐིག་ལ་དམིགས་པ་དང་། ཁྱིམ་ཚང་གཅིག་ལ་དམངས་སྲོལ་མགྲོན་ཁང་གཅིག་གི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱས་ཏེ། རོང་འབྲོག་མང་ཚོགས་རྣམས་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་ནས་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཁྲོད་ཞུགས་པར་སྐུལ་འདེད་བཏང་། མིག་སྔའི་བར། ཝུའུ་ལན་རྫོང་གིས་ཁྱིམ་ཚང་མགྲོན་ཁང་ཉིས་བརྒྱ་དོན་ལྔ་དང་སྤྱི་ཚོགས་མགྲོན་ཁང་བརྒྱ་དང་ཞེ་གཉིས། སྐར་གསོག་མགྲོན་ཁང་དགུ་བཅས་འགྲུབ་པ་དང་། མགྲོན་ཁང་དང་དམངས་སྲོལ་མགྲོན་ཁང་བསྡོམས་པས་བཞི་བརྒྱ་ཉེར་དྲུག་ཡོད་ལ། མལ་ཁྲིའི་ཁ་གྲངས་ཁྲི་གཉིས་དང་སྟོང་བདུན་ལྷག་ཡོད་པས། མི་ཁྲི་གསུམ་ལྷག་གི་ལས་ཞུགས་ལ་བརྒྱུད་པའི་སྒོ་ནས་སྐུལ་ཁྲིད་བྱས།

ཝུའུ་ལན་རྫོང་གིས་དམངས་སྲོལ་མགྲོན་ཁང་གི་ཐོན་ལས་འཆར་འགོད་སྒྲིག་བཟོ་བྱས་པ་དང་། ཕྲེང་གཅིག་མཉམ་འབྲེལ་དང་སྐོར་གཉིས་མཐུན་སྦྱོར། ཕྱོགས་གསུམ་མཉམ་འགུལ། ཕྱོགས་མང་འདེགས་སྐྱོར་བཅས་ཀྱི་སྒྲིག་བཀོད་ལྟར། གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བཞི་འབུམ་བཞི་དང་ཁྲི་བརྒྱད་སྟོང་བརྒྱད་དང་དྲུག་བརྒྱ་བཏང་ནས། མཚོ་ནུབ་ཁུལ་གྱི་གྲོང་རྡལ་ཡོངས་ཀྱི་སྡེ་བ་སོ་སོར་ཁེབས་པའི་ཁྱད་ལྡན་དམངས་སྲོལ་མགྲོན་ཁང་གི་ལས་གཞི་ཐོག་མ་བསྐྲུན། ཚྭ་ཁ་སྡེ་བ་དང་པཱ་དབྱིན་སྡེ་བ་གཉིས་དམངས་སྲོལ་མགྲོན་ཁང་གཅིག་འདུས་སྡེ་བར་གྱུར། དེའི་ཁྲོད། ཚྭ་ཁ་སྡེ་བས་དམངས་སྲོལ་མགྲོན་ཁང་ཉིས་བརྒྱ་བཅུ་གཅིག་བསྐྲུན་པ་དང་། ལོ་ཧྲིལ་བོའི་དམངས་སྲོལ་ཐོན་ལས་ཀྱི་སྤྱིའི་ཡོང་སྒོ་སྒོར་བྱེ་བ་གཅིག་དང་འབུམ་གཉིས་ཁྲི་ལྔར་སླེབས་ཤིང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་འབུམ་བདུན་འཕར། པཱ་དབྱིན་སྡེ་བས་ཁྱད་ལྡན་དམངས་སྲོལ་མགྲོན་ཁང་སུམ་ཅུ་བསྐྲུན་པ་དང་།  ལོ་ཧྲིལ་བོའི་ཚོང་གཉེར་གྱི་སྤྱིའི་ཡོང་སྒོ་སྒོར་འབུམ་དྲུག་ལ་སླེབས་ཤིང་། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་དེ་སྒོར་འབུམ་དྲུག་དང་ཁྲི་བརྒྱད་སླེབས།

ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རོགས་ཤུགས་ལ་བརྟེན་ནས། ཝུའུ་ལན་རྫོང་གིས་མོ་ཀན་རི་བོ་སོགས་དམིགས་ཚད་ལ་བརྩིས་པ་དང་། མི་སྣ་རྩ་འཛུགས་ཀྱིས་ཕྱི་ཕྱོགས་སུ་རྟོག་ཞིབ་བྱས་ལ། མགྲོན་བསུ་གུས་ལུགས་དང་མགྲོན་ཁང་ཞབས་ཞུ་སོགས་ཀྱི་གསོ་སྦྱོང་སྤེལ་ཞིང་། འབྲོག་སྡེ་དྲུག་མཉམ་འགུལ་གྱིས་དམངས་སྲོལ་ཚོགས་པ་བསྐྲུན་ལ། ཚོང་རྟགས་ཅན་གྱི་དམངས་སྲོལ་མགྲོན་ཁང་དྲུག་དང་ལས་རྣམ་གསར་བའི་ལས་གཞི་དངོས་འབེབས་བྱས། རིག་ནུས་ཕྱོགས་སྟོན་མ་ལག་ལ་བརྟེན་ནས། ཚྭ་ཁ་གྲོང་རྡལ་གྱི་ཁྱིམ་ཚང་མགྲོན་ཁང་དང་དམངས་སྲོལ་མགྲོན་ཁང་ཉིས་བརྒྱ་ལྷག་རིམ་སྤོར་བྱས་པ་དང་། ཞུའེ་ཁྲིན་དང་མེ་ཐོན་སོགས་ཀྱི་སྟེགས་བུ་བརྒྱུད་དེ། ཡུལ་སྐོར་བ་མང་བའི་དུས་སུ་མགྲོན་ཁང་དུ་ཞག་སྡོད་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། ཡུལ་སྐོར་བ་ཉུང་བའི་དུས་སུ་ཞག་སྡོད་ཚད་བརྒྱ་ཆའི་ཞེ་ལྔར་སླེབས།

ལས་རྣམ་མཉམ་འདྲེས་ཐད། ཝུའུ་ལན་རྫོང་གིས་དམངས་སྲོལ་མགྲོན་ཁང་དང་ཚྭ་ཁ་ཚྭ་མཚོར་ལྟ་སྐོར། དམངས་སྲོལ་ཉམས་ལེན། ཁྱད་ལྡན་བཟའ་བཏུང་། ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་། སྐར་ཁྱིམ་མགྲོན་ཁང་དང་སྒོ་རའི་མགྲོན་ཁང་བརྒྱ་དང་བཅུ་གཅིག་བསྐྲུན་ཞིང་། ཚྭའི་འཇིམ་བཟོ་དང་ཚྭ་བཅོས་ཚྭ་བསྲོ་ཆས་སོགས་རིག་གནས་ལས་གཏོད་ཁམས་གསོའི་ཐོན་རྫས་རིགས་ཉི་ཤུ་ལྷག་གསར་སྤེལ་བྱས་ལ། ལོ་ཧྲིལ་བོའི་ཕྱིར་འཚོང་ཚད་ཁྲི་གསུམ་ལས་བརྒལ། ཚྭ་ཁ་ལུག་གི་མུ་ཕྲེང་ཧྲིལ་བོའི་ཐོན་ཚད་རིན་ཐང་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་ལ་སླེབས་པ་དང་། ཁྱད་ལྡན་གྱི་མཚན་གྲོང་ཁུལ་བཞི་བསྐྲུན་ནས། ངལ་རྩོལ་མི་སྣ་སྟོང་ལྷག་གི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། ཡུལ་སྐོར་བ་མི་ཐེངས་ས་ཡ་གསུམ་དང་འབུམ་བདུན་ཁྲི་བཞི་དང་སྟོང་དགུ་སྣེ་ལེན་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།