རྒྱལ་སྟོན་གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་བརླིང་རིམ་ལྡན་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

རྒྱལ་སྟོན་གུང་གསེང་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཛད་སྤྱོད་ལ་སྐུལ་བ་དང་འཕར་སྣོན་བརྟན་པོ་ཡོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། གུང་གསེང་སྐབས་ཀྱི་འཛད་སྤྱོད་ཀྱི་གོ་སྐབས་ཡག་ཤོས་དམ་འཛིན་བྱས་ཏེ། དམངས་ལ་ཕན་ཞིང་འཛད་སྤྱོད་ལ་སྐུལ་བ་དང་། དམངས་འཚོའི་ཚོང་ཟོག་འདོན་སྤྲོད་འདང་ངེས་ཡོད་པ་སོགས་ཀྱི་བྱ་བ་སྣ་ཚོགས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་དུས་ཆེན་དགའ་སྤྲོའི་ངང་རོལ་བར་འགན་སྲུང་བྱས་པས། ཞིང་ཆེན་ཡོངས་ཀྱི་དུས་ཆེན་སྐབས་ཀྱི་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཀྱིས་ཁེངས་ལ་དགོས་མཁོ་མོད་པ་དང་། མཁོ་འདོན་བརྟན་པོ་ཡིན་ཞིང་། སྤྱིའི་འཁོར་རྒྱུག་གནས་བབ་ལེགས་པོ་རེད།

ཞིང་ཆེན་ཚོང་དོན་ཐིན་གྱིས་དུས་ཆེན་སྐབས་ཀྱི་འཛད་སྤྱོད་ཁྲོམ་རའི་ལྟ་ཞིབ་ཚད་ལེན་བརྡ་ཐོ་སྔོན་ལ་སྤེལ་བ་དང་། གཟའ་འཁོར་རེའི་ཁྲོམ་རའི་ལྟ་ཞིབ་ཚད་ལེན་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་ཏུ་བསྟར་ཞིང་། ས་གནས་སོ་སོའི་ཚོང་དོན་སྡེ་ཁག་གིས་གཙོ་གནད་སིལ་འཚོང་དང་བཟའ་བཏུང་ཁེ་ལས་ཀྱིས་དུས་ལྟར་ཕྱིར་འཚོང་གི་གཞི་གྲངས་ཡང་དག་དང་ཆ་ཚང་སྒོས་བསྐུར་བར་སྐུལ་འདོམས་བྱས་ནས། འཛད་སྤྱོད་ཁྲོམ་རའི་འགུལ་རྣམ་ཚོད་འཛིན་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་གཙོ་བོའི་ཁེ་ལས་ཀྱི་གཞི་གྲངས་བསྐུར་ཚད་བརྒྱ་ཆའི་བརྒྱ་ལ་སླེབས། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལ་བལྟས་ན། དུས་ཆེན་སྐབས་ཀྱི་ཁྲོམ་རའི་འཛད་སྤྱོད་དགོས་མཁོ་ནུས་ལྡན་གྱིས་ཕྱིར་བཏོན་པ་དང་། རིམ་སྤོར་རིགས་ཀྱི་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་ཞིང་། གསེར་དངུལ་རིན་པོ་ཆེའི་རིགས་བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་གསུམ་འཕར་བ་དང་། ཁྱིམ་སྤྱོད་གློག་ཆས་དང་སྒྲ་ལེན་སྒྲིག་ཆས་ཀྱི་ཚོང་རྫས་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་ལྔ་འཕར། དེ་དང་མཉམ་དུ། དྲ་ངོས་ཀྱི་འཛད་སྤྱོད་བསྟུད་མར་འཕར་སྣོན་བྱུང་བ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་གཙོ་བོ་བཟའ་བཏུང་ཁེ་ལས་ཀྱི་མྱུར་སྐྱེལ་ཡོང་སྒོ་བརྒྱ་ཆའི་ཉི་ཤུ་འཕར།

ཞིང་ཆེན་ཚོང་དོན་ཐིང་གིས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེས་བྱེད་སྒོར་བསྟུད་མར་སྐུལ་འདེད་བཏང་བ་དང་། སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེ་དང་ཞབས་ཞུའི་ལས་ཆོད་མཐོ་རུ་བཏང་བས། རྒྱལ་སྟོན་གུང་གསེང་སྐབས་ཁ་གསབ་མ་དངུལ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཅིག་དང་ཁྲི་གཉིས་སྤྲད་པ་དང་། འཛད་སྤྱོད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་ལ་སླེབས། དུས་ཆེན་སྐབས་ཀྱི་བཟའ་བཏུང་འཛད་སྤྱོད་ཀྱི་སྣང་ཚུལ་ལ་དམིགས་ནས། མེ་ཐོན་དང་འདར་དབྱིངས་སྟེགས་བུར་མཉམ་འབྲེལ་གྱིས་མཚོ་སྔོན་དུ་ཟས་མཆོག་མོད་ལ་དུས་ཆེན་གཉིས་ཀྱི་སྐབས་སུ་གོང་གཅོག་བྱེད་ཅེས་པའི་བཟའ་བཏུང་འཛད་སྤྱོད་འཛིན་ཤོག་སྒོར་ས་ཡ་གཅིག་སྤྲད་དེ་འཛད་སྤྱོད་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན། ཟི་ལིང་གྲོང་ཁྱེར་གྱིས་ཁྱིམ་སྤྱོད་གློག་ཆས་གསར་བརྗེས་བྱེད་སྒོ་སྤེལ་བ་དང་། མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་མུ་འབྲེལ་འཛད་སྤྱོད་སྐུལ་འདེད་བྱེད་སྒོ་སྤེལ་ཞིང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་ཞིང་ཆེན་རིམ་པའི་བྱ་དགའི་འཛིན་ཡིག་སྟེར་བའི་ཚོད་ལྟའི་བྱེད་སྒོར་སྐུལ་འདེད་ཟབ་མོ་བཏང་ཞིང་། ཚོང་ཁང་དུ་ཚོང་རྫས་ཉོ་བ་དང་རླངས་འཁོར་ལ་སྣུམ་སྣོན་པ། བཟའ་བཏུང་དང་རོལ་རྩོད་སོགས་འཛད་སྤྱོད་གོང་གཅོག་འཛིན་ཡིག་སྤྲད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོ་སོས་ཆེད་དམིགས་ཀྱི་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་སྤེལ། ཞིང་ཆེན་ནང་ཁུལ་གྱི་ཚོང་ར་སོ་སོས་ཁེ་སྤོགས་སྤྲོད་ཚད་ཇེ་མང་དུ་བཏང་བ་དང་། ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར། སྣུམ་སོགས་ཁྱབ་ཁོངས་སུ་དངུལ་ཚབ་འཛིན་ཡིག་དང་གོང་གཅོག་གཟིགས་སྐྱོང་། དངུལ་སྨར། ལེགས་སྐྱེས་སོགས་རྒྱལ་སྟོན་དུས་ཆེན་སྐབས་སུ་ཕྱིར་འཚོང་ལ་སྐུལ་བའི་བྱེད་ཐབས་སྣ་མང་ལག་ཏུ་བསྟར་ཞིང་། དྲ་ཐོག་དང་ཡུལ་དངོས་ནས་དམངས་ལ་ཕན་པ་དང་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་སྤེལ་ནས། གུང་གསེང་སྐབས་ཀྱི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་བསྐྱེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།