སྟོན་དུས་ནི་མཐོ་སྒང་གི་གཟན་རྩྭ་བརྔ་བསྡུ་དང་དགུན་ཁའི་གཟན་རྩྭ་གསོག་འཇོག་བྱེད་པའི་དུས་སྐབས་བཟང་པོ་ཡིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཟན་རྩྭ་རྟེན་གཞི་སོ་སོ་རུ་རྩྭ་འབྲེག་འཕྲུལ་ཆས་ཀྱི་ལས་ལ་བྲེལ་བཞིན་ཡོད། འབྲེལ་ཡོད་ཁེ་ལས་ཀྱིས་ད་ལྟའི་གནམ་གཤིས་བཟང་པོ་དམ་འཛིན་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་སྔོ་རྩྭ་གསོག་འཇོག་བྱ་བ་ཕྱོགས་ཡོངས་ནས་སྒྲུབ་འགོ་བརྩམས་པ་དང་། གཟན་རྩྭའི་མ་རྨོས་ལོ་ཏོག་བསྡུ་ལེན་དང་དབོར་འདྲེན། གསོག་ཉར་བཅས་ཀྱི་བྱ་བ་ལ་ཕན་འབྲས་ཆེ་བའི་སྒོ་ནས་སྒྲུབ་ཏེ་སྤུས་ལེགས་དགུན་སྐྱེལ་གཟན་རྩྭ་འདང་ངེས་གསོག་འཇོག་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་གཟན་རྩྭའི་མ་རྨོས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་བསྡོམས་འབོར་མུའུ་སྟོང་ལྔ་ལ་སླེབས་ཤིང་། སྔོན་དཔག་བྱས་ན་མུའུ་རེའི་ཐོན་ཚད་ཕལ་ཆེར་ཏུན་གསུམ་ཡས་མས་ལ་སླེབས་རྒྱུ་རེད།
ཉེ་བའི་ཚུན་ལ། གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་བྱེ་ཐང་གི་ཐང་རྒོད་དང་བེད་མེད་དུ་ལུས་པའི་བ་ཚྭ་ཅན་གྱི་ས་ཞིང་དེ་ཚད་གཞི་མཐོ་བའི་གཞི་ཁྱོན་ཅན་གྱི་གཟན་རྩྭ་རྟེན་གཞིར་སྒྱུར་བཀོད་བྱས་ཏེ། མ་རྨོས་ལོ་ཏོག་དང་ཡུག་པོ་སོགས་སྤུས་ལེགས་གཟན་རྩྭ་མུ་མཐུད་འདེབས་འཛུགས་བྱས་ནས། གྲོང་ཁྱེར་གྱི་དགུན་དཔྱིད་དུས་ཚིགས་སུ་གཟན་རྩྭ་དཀོན་པ་དང་། ཕྱི་ཡོང་གཟན་རྩྭའི་མ་གོང་མཐོ་བའི་ཞན་ཆ་ཁ་གསབ་ནུས་ལྡན་བྱས་ནས། “རྩྭ་འདེབས་དང་རྩྭ་གསོག་འཇོག རྩྭ་མཁོ་སྤྲོད། གསོ་སྤེལ་བཅས”གཞི་གཅིག་ཅན་གྱི་རྩྭ་ཕྱུགས་མཉམ་འགུལ་ཐོན་ལས་འབྲེལ་ཐག་བཙུགས་ཏེ། ས་གནས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་།