རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་ས་གནས་སོ་སོའི་སྤྱི་གླིང་གིས་རྣམ་པ་མི་འདྲ་བའི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ཞིང་། མི་ཐེངས་དུང་ཕྱུར་གཉིས་བྱེ་བ་གཅིག་ལྷག་གིས་སྤྱི་གླིང་དུ་སྤྲོ་གསེང་ལ་རོལ།
ཉིན་དཀར་སྟོན་ལྗོངས་ལ་ལྟ་བ་དང་། དགོང་མོར་མཚན་ལྗོངས་ལ་རོལ། ད་རེས་གུང་གསེང་སྐབས་ས་གནས་སོ་སོའི་སྤྱི་གླིང་དུ་ཉིན་དཀར་ལྟ་སྐོར་བྱེད་པ་ཁོ་ན་མིན་པར་མཚན་ལྗོངས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་གླིང་ཀ་གཏོང་བའི་དུས་ཚོད་ཇེ་རིང་དུ་བཏང་ཡོད། ཝུའུ་ཞི་ཡི་མའེ་ཡོན་སྤྱི་གླིང་གི་སྟོན་ལྗོངས་བརྗོད་དོན་ཡིན་པའི་གློག་ཞུན་དང་། རི་མཚོའི་བསྟན་བཅོས་བརྗོད་བྱ་གཙོ་བོར་བྱས་ནས་གནའ་བོའི་གསུང་རབས་ཁྲོད་ཀྱི་ངོ་མཚར་ལྷ་སྒྲུང་ལོ་བརྒྱའི་ཅང་ནན་སྐྱེད་ཚལ་དུ་མངོན་པར་བྱས། ཡུལ་སྐོར་བ། ཀྲའོ་ཡ་རན་གྱིས་བཤད་རྒྱུར། ཉིན་དཀར་སྤྱི་གླིང་ལ་ཉུལ་བ་ཡིན་ལ། དགོང་མོ་འདིར་ཡོང་ནས་གློག་ཞུ་ལ་བལྟས་ན་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད།
གུང་གསེང་གི་སྐབས་དང་བསྟུན་ཏེ། ས་གནས་སོ་སོའི་སྤྱི་གླིང་གི་ལྟ་སྐོར་གྱི་ནང་དོན་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གྲོང་མི་དང་ཡུལ་སྐོར་བས་ཐག་ཉེ་ས་ནས“ཡུལ་སྐོར་བྱེད་ས་ཡོད་པ་དང་། སྐོར་གཡེང་བྱེད་ས་ཡོད་པ། སྤྲོ་གསེང་གཏོང་ས་ཡོད་པ”བཅས་བྱས། ཁྲའོ་ཀྲོའུ་ཡི་ཁྲའོ་རེན་སྤྱི་གླིང་དེ་གྲོང་ཁྱེར་གྱི་ཕྱོགས་བསྡུས་སྤྲོ་གསེང་དུ་སྒྱུར་ནས། གུང་གསེང་སྐབས་སུ་ཡུལ་སྐོར་བ་མི་ཐེངས་ཉིས་འབུམ་བཞི་ཁྲི་ལྷག་ལ་སྣེ་ལེན་བྱས། ཧི་ཧྥེ་ཡི་ལུའོ་ཀང་སྤྱི་གླིང་གིས་རང་གི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ལ་བརྟེན་ནས“ཡུལ་ལྗོངས་ལ་ལྟ་བ་དང་། ཁྲོམ་སྲང་ལ་ཉུལ་བ། སྤྲོ་གསེང་གཏོང་བ”བཅས་ཀྱི་འཛད་སྤྱོད་རྣམ་པ་ཆུང་ངུ་བསྐྲུན།
ཨན་ཧུའེ་ཧོ་ཧྥེའི་གྲོང་མི་། ཆན་ལི་ཀྲེང་གིས་བཤད་རྒྱུར། གང་དུ་འགྲོ་དགོས་པ་མི་ཤེས་པའི་དུས། འདི་ནས་འཆམ་འཆམ་ལ་སོང་ཆོག ཁྱིམ་གྱི་སྒོ་ཁ་ན་ཡོད་པས་བསྡད་ན་ཧ་ཅང་སྟབས་བདེ་རེད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ས་གནས་སོ་སོའི་གྲོང་ཁྱེར་སྤྱི་གླིང་གིས་སྡོམ་རྩིས་བྱས་ན་དུས་ཆེན་གྱི་མེ་ཏོག་འགྲེམས་སྟོན་དང་། རིག་གནས་འགྲེམས་སྟོན། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཁྱད་ལྡན་བྱེད་སྒོ་ཆིག་ཁྲི་ཆིག་སྟོང་སྤེལ་ཞིང་། ཡུལ་སྐོར་བར་སྣེ་ལེན་བྱས་ཚད་མི་ཐེངས་དུང་ཕྱུར་གཉིས་བྱེ་བ་གཅིག་ལས་བརྒལ་ནས་འཛད་སྤྱོད་བྱས་ཚད་སྒོར་ཐེར་འབུམ་ལྔ་དུང་ཕྱུར་གཉིས་ལས་བརྒལ་ཡོད།