མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་བྱེད་སྒོ350ལྷག་གིས་གསེར་ལྡན་སྟོན་གྱི་ཡོལ་བ་ཕྱེས་ཏེ། རྒྱལ་སྟོན་རིང་གི་འཛད་སྤྱོད་ཁྲོམ་ར་འཁྲུག་པོར་བཟོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཁོན་ཐར་འཚོས་བསྒྱུར།

 

རི་ཆུའི་ཉམས་འགྱུར་སྟོང་གིས་དུས་སྟོན་བསུས། མཚོ་སྔོན་ཡུལ་དུ་བསྐོར་པའི་ལམ་དུ་བསྐྱོད།  

--མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་བྱེད་སྒོ350ལྷག་གིས་གསེར་ལྡན་སྟོན་གྱི་ཡོལ་བ་ཕྱེས་ཏེ།  རྒྱལ་སྟོན་རིང་གི་འཛད་སྤྱོད་ཁྲོམ་ར་འཁྲུག་པོར་བཟོས།

 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   མཐོ་སྒང་གི་སྟོན་ཁ་སྔ་མོ་ནས་བསླེབས་ཏེ་དམར་སེར་མདངས་ཀྱིས་རིམ་བཞིན་བསྒྱུར་བའི་སྡོང་ལོས་ཡུལ་ཀུན་མཛེས་པར་བརྒྱན།  མཚོ་སྔོན་པོའི་འགྲམ་དུ་གཡུ་ཡི་མེ་ལོང་འདྲ་བའི་མཚོ་ཁྲི་ཤོར་རྒྱལ་མོའི་ངོས་སུ་སྟོན་ཟླའི་བཞིན་རིས་གསལ་གྱུ་ལེར་འཆར་ཞིང་རླབས་འགྱུ་ཕྲ་མོས་སྐྱོམས་ཤིང་གཡོ་ཞིང་།   ཁམས་རའི་ཏན་ཞ་རི་ཟོམ་གྱི་བར་བར་ན་འགྲོས་གདངས་མྱུར་བའི་གསར་བརྗེའི་གླུ་དབྱངས་དང་བསྐོར་བྲོའི་སྟངས་སྟངས་གཉིས་གཅིག་ཏུ་བསྡེབས་ནས་སྤྲོ་དགའི་ཀློང་དུ་དུས་སྟོན་བསུས།  ཚྭ་འདམ་ཚྭ་མཚོའི་མཁའ་དབྱིངས་ན་ཡུལ་སྐོར་བས“ནམ་མཁའི་མེ་ལོང”གི་ལྷིང་འཇགས་དང་གཏིང་མཐའ་ལ་མྱོང་རོལ་བྱེད་བཞིན་པ་སོགས་ནི2026ལོའི་ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་གཉིས་རིང་ལ།  མཚོ་སྔོན་གྱི་འཛིན་མའི་ཁྱོན་དུ་ཡུན་གྱིས་ཕྱེས་པའི་རིག་གནས་ཡུལ་སྐོར་གྱི་ལྗོངས་རིས་རེད། 

ཟླ་མཆོད་དུས་ཆེན་མ་བསླེབ་སྔོན་ལ།  རི་ཆུའི་ཉམས་འགྱུར་སྟོང་གིས་དུས་སྟོན་བསུས། མཚོ་སྔོན་ཡུལ་དུ་བསྐོར་པའི་ལམ་དུ་བསྐྱོད་ཅེས་པའི་2026ལོའི་གསེར་ལྡན་སྟོན་གྱི་རིག་གནས་ཡུལ་སྐོར་སྤྲོ་སྐྱིད་ཟླ་ཡི་ཡོལ་བ་དངོས་སུ་ཕྱེས།  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་ལེགས་བྱེད་སྒོ350ལྷག་ལེགས་སྒྲིག་བྱས་ཏེ།  ལུས་རྩལ་འགྲན་སྡུར་དང་།  རིག་རྩལ་འཁྲབ་སྟོན།  མངོན་མིན་རིག་གནས་ཤུལ་བཞག དམངས་སྲོལ་མྱོང་རོལ། དམངས་ཕན་གྱི་འཛད་སྤྱོད་སྐུལ་འདེད། ཟས་མཆོག་འདུ་ཁྲོམ་ལ་སོགས་པའི་ལས་རྣམ་གསར་པ་སྣ་ཚོགས་ཤིག་གཅིག་གྱུར་ཐོག་བཀོད་སྒྲིག་བརྒྱབ་ཅིང་།   “དུས་ཆེན་གཉིས་ལ་མཉམ་དུ་རོལ། ཁྱིམ་དང་རྒྱལ་ཁབ་ལྷན་འཛོམས་བྱེད།  ཞེས་པ་དང་།  མཚོ་སྔོན་ཡུལ་དུ་བསྐོར།རིག་གནས་ཡུལ་སྐོར་དམངས་ལ་ཕན།   དེ་མིན་རིག་རྩལ་བྱེད་སྒོས་མི་སེམས་གསོ།  དབྱངས་དང་འགྱུར་ཁུགས་ཀྱིས་བརྩེ་བ་བསྣམས་ལ་སོགས་པའི་བརྗོད་དོན་ཆེན་པོ་བདུན་དུ་ཕྱེས་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་རབ་མཛེས་མཚོ་སྔོན་ལ་ལྷག་བསམ་ཟོལ་མེད་ཀྱིས་བསུ་མ་བྱས་ཏེ།  མཉམ་དུ་མཐོ་སྒང་གི་སྟོན་ལྗོངས་ཉམས་སུ་མྱངས།    

ཐོན་རྫས་གསར་པ་བཏོན།   “རི་ཆུ་ལ་ལྟ་བ”ནས་མྱོང་རོལ་ཟབ་མོ་བྱེད་པའི་བར།  

དུས་ཆེན་གཉིས་ཀྱི་རིང་ལ། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་འདོན་སྤྲོད་ཕྱོགས་ཡོངས་ནས་རིམ་སྤར་བྱས།  “རྫོང་མཁར་གྱི་ཡུལ་སྐོར” “ཞིང་གྲོང་གི་ཡུལ་སྐོར” “འཚོ་བ་དངོས་ལ་མྱོང་རོལ་ཟབ་མོ”སོགས་བྱེད་པའི་ཡུལ་སྐོར་བྱེད་སྟངས་ཚ་ཤོས་ལ་དམིགས་ཏེ། མཚོ་སྔོན་པོའི་རི་གླུ་དང་།  ཡུལ་ལྗོངས་ལྟ་ན་སྡུག་པའི་གནས།  ཆུ་སྔོན་མོ་དང་བྲག་དམར་པོ།  ཁྱིམ་དང་རྒྱལ་ཁབ་ཀྱི་རྗེས་ཤུལ་འཚོལ་བ།  སྒེར་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པ་སོགས་སྟོན་དུས་ཀྱི་ཡུལ་སྐོར་ལམ་ཐིག་སྤུས་ལེགས་ཆེན་པོ་ལྔ་བརྒྱུད་དེ་མཚོ་སྔོན་པོ་དང་། ཚྭ་ཁའི་ཚྭ་མཚོ། ཧོར་གྲོང་བྱང་རི། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ལ་སོགས་པའི་ལྗོངས་ཁུལ་གཙོ་བོར་ཕྲེང་བཞིན་བརྒྱུས་པས།  མཐོ་སྒང་གི་མཚོ་དང་མཚེའུ། ཏན་ཞུ་དང་སྟོན་མདངས་རྒྱས་པའི་ནགས་རི།  གངས་རི་དང་རྩྭ་ཐང་བཅས་སུ་ཤར་བའི་སྟོན་དུས་ཀྱི་ཉམས་མདངས་ལ་གཟིགས་ཐུབ་པར་མ་ཟད།  ཧོར་རིགས་དང་།ས་ལར་རིགས། བོད་རིགས་བཅས་མི་རིགས་དུ་མའི་དམངས་སྲོལ་ལ་ཉམས་སུ་མྱོང་ཐུབ་པ་དང་ཆབས་ཅིག  པར་ལེན་བསྡུ་ཉར་དང་སྒེར་འཁོར་ཡུལ་སྐོར།  རིག་གནས་ཞིབ་འཇུག་དང་སློབ་སྦྱོང་ལ་སོགས་ཀྱི་ཡུལ་སྐོར་དགོས་མཁོ་སྐོང་ཅི་ཐུབ་བྱས་ཡོད།   

ཟླ9ཚེས30ཉིན།  མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ་བསྐོར་བའི་ཡུལ་སྐོར་མེ་འཁོར་ཐོག་མ“མདོ་ལ་རྟགས་ཅན”དངོས་སུ་ཤར་གཏོང་བྱས་ཏེ།  “མཚན་མོར་ལམ་དུ་ཆས།  ཉིན་དཀར་ལྗོངས་རྒྱུ་བྱེད་པའི”  ཡུལ་སྐོར་བྱེད་སྟངས་གསར་པ་གསར་གཏོད་བྱས།   དེ་ནི་ཐོག་མར་ཟི་ལས་ལམ་ལ་ཆས་ཏེ། བར་དུ་ཚྭ་ཁ་དང་གཏེར་ལེན་ཁ།  ཚྭ་འདམ། ན་གོར་མོ་བཅས་བརྒྱུད་མཐར་བྱ་གླིང་ལ་འབྱོར་རྗེས་ཕྱིར་ཟི་ལིང་ལ་ལོག་པ་དང་། ལམ་བར་དུ་ཚྭ་མཚོ་དང་།  མྱ་ངམ་ཐང་།  ཡ་ཏན་ས་གཤིས།  མཐོ་སྒང་གི་མཚོ་དང་མཚེའུ།  དེ་མིན་གསར་བརྗེ་ཞིང་པས་རྩོལ་བྱུང་ཡུལ་ལྗོངས་བཅས་ལ་ལྟ་ཐུབ་པས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་བྱེད་སྟངས་གསར་པ་ཞིག་བཏོན།  

མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ་དུ། ཟླ་མཆོད་དུས་ཆེན་གྱི་མཚན་མོར་ཉ་གང་ཟླ་བར་གཟིགས་ཞོར་དུ་རྒྱལ་སྟོན་ལ་རྫོགས་ལྡན་དུས་ཀྱི་བསྟོད་གླུ་ལེན་པའི་ཉམས་དགའ་བ་ཕུན་སུམ་ཚོགས་པའི་རྣམ་པ་འཁྲུག་པོ་དུས་གཅིག་ཏུ་མངོན།   སྟོན་མདངས་རྒྱས་པའི་མཐོ་སྒང་། རི་ཆུའི་རི་མོ་རང་དུ་གྲུབ། ཟླ9ཚེས25ཉིན་ནས་ཟླ10ཚེས7ཉིན་བར་དུ།  ལྗོངས་ཁུལ་གྱིས“ཁྱིམ་དང་རྒྱལ་ཁབ”བརྗོད་བྱང་དུ་བཀོད་ཏེ།   ཡུལ་སྐོར་བ་རྣམས་ལ་མཐོ་སྒང་གི་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ།  དར་དམར་ལྷབ་ལྷུབ་ཏུ་བསྐྱོད་ཅིང་།  མཚོ་འགྲམ་ཡུལ་སྐོར་སྒྲིག་ཆས་ཀྱིས་བརྒྱན་པ་དང་། འདུ་ཁྲོམ་འཁྲུག་ཆ་དོད།  འབྲོ་མའི་འོ་མ་དང་ཞོ།  མཚོ་སྔོན་གྱི་ཟླ་གོར།  གཙག་དྲུབ་ལ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་ཚོགས་ཀྱིས་ཡུལ་སྐོར་བའི་མིག་དབང་བཀུགས།  ཡུལ་སྐོར་བས་མཚོ་གླིང་དང་།  ཚོང་ཁྲོམ་ལ་ཉུལ་བ།  གླུ་གར་ལ་རོལ་ནས་དུས་ཆེན་གཉིས་ཀྱི་དགའ་སྟོན་ལ་ཉམས་སུ་མྱོང་ཞོར་ཏུ་ཁྱིམ་དང་རྒྱལ་ཁབ་ཀྱི་དུས་སྟོན་ལ་མཉམ་དུ་རོལ་བའི་འདུན་པ་ཟབ་མོ་ལ་མྱོང་རྟོགས་བྱས།  

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོས་རྒྱལ་སྟོན་གྱི་ཉིན་བདུན་རིང་ལ“ས་ཚིགས་གཅིག”རྣམ་པའི་རིག་གནས་ཡུལ་སྐོར་ལ་མྱོང་རོལ་བྱེད་སྟངས་ཤིག་བཟོས།  རྨ་ཀླུང་སྔོན་མོ་དང་ཏན་ཞ་ས་གཤིས་ལ་གཞི་བཅོལ་ཏེ་བདེ་སྐྱིད་གྲོང་ཚོས་གཡང་མདའི་འགྲན་སྡུར་དང་། རྨ་ཆུའི་ཡུལ་སྐོར་གྲུ་གཟེངས། གཟུགས་མེད་ཤུལ་བཞག་གི་གསོལ་སྟོན། ས་གནས་རང་གི་ཟས་རིགས་རྣལ་མ།   གླུ་གར་གྱི་འཁྲབ་སྟོན།   དར་སྲོལ་ཆེ་བའི་རོལ་ཚོགས།  སྐོར་བྲོ།  ལག་ཤེས་བཟོ་རྩལ་མྱོང་རོལ་ལ་སོགས་བརྗོད་གཞིར་བཟུང་སྟེ།  རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་མདའ་སྟོན་འཁྲབ་སྟོན་བྱས་ཏེ། གནའ་བོའི་མདའ་འཕེན་འགྲན་སྡུར་རྗེས་ཀྱི་གསོལ་མགྲོན་དགའ་སྟོན་དང་།  མཛའ་འབྲེལ་བསྟོད་བསྔགས་ཀྱི་སྲོལ་རྒྱུན་མདའ་འཕེན་གྱི་གོ་རིམ་ཆ་ཚང་ཞིག་ཀུན་གྱི་མིག་གི་དགའ་སྟོན་དུ་སྤེལ།  བདེ་སྐྱིད་ཀྱི་རྨ་ཆུའི་ཆུ་ཐོག་ལམ་ཐིག་དེ་ཡང་རྒྱལ་སྟོན་གྱི་རིང་ལ་དངོས་སུ་ཤར་གཏོང་བྱས་ཤིང་།  ཡུལ་སྐོར་བ་གྲུར་བསྡད་དེ་རྨ་ཀླུང་སྔོན་མོའི་འགག་གསུམ་ཡུལ་ལྗོངས་དང་། ཏན་ཞའི་མཛེས་པ་སོགས་ལ་རིམ་པ་བཞིན་ཉམས་སུ་མྱོང་ཐུབ།   

གཟུགས་མེད་ཤུལ་བཞག་ཀྱང་ཀུན་གྱིས་དགའ་བསུ་ཐོབ་པའི་གུང་གསེང་གི་རིག་གནས་ཡུལ་སྐོར་གྱི་བྱེད་ས་ཞིག་ཏུ་གྱུར།  མཚོ་སྔོན་གཙག་དྲུབ་དང་ཐང་ག  རི་གླུ། མདའ་འཕེན། ན་སྟོན།  ཧུའེ་རིགས་གསོལ་སྟོན།   མདའ་སྟོན།  རྟ་ཐོག་གི་ཟློས་གར་སོགས་ཞིང་ཆེན་ཡོངས་ཀྱི་གཟུགས་མེད་ཤུལ་བཞག་གི་རྣམ་གྲངས་སྙིང་བོར་བཟུང་སྟེ།  གཟུགས་མེད་ཤུལ་བཞག་ལྗོངས་ཁུལ་བསྐྱོད་པ་དང་།  ཁྲོམ་རར་སྐྱོད་པ། སློབ་རར་སྐྱོད་པ་བཅས་ལ་སྐུལ་འདེད་བཏང་ནས་ཞིབ་སློབ་མྱོང་རོལ་དང་།  གཟུགས་མེད་ཤུལ་བཞག་གི་འགྲན་སྡུར།  གསོན་ཉམས་ལྡན་པའི་འཁྲབ་སྟོན་སོགས་པའི་བྱེད་སྒོ་སྤེལ་པ་དང་།   སྲོལ་རྒྱུན་ལག་རྩལ་ལ་ལྟ་སློབ་མྱོང་གསུམ་བྱེད་དུ་བཅུག   ཁྱོན་བསྡོམས་གཟུགས་མེད་ཤུལ་བཞག་རིགས་ཀྱི་བྱེད་སྒོ47སྤེལ།

གཟུགས་མེད་ཤུལ་བཞག་རིག་གནས་ལྗོངས་ཁུལ་དང་ཚོང་སྡེ་རུ་སྐྱོད་པའི་མྱོང་རོལ་དང་།  གཟུགས་མེད་ཤུལ་བཞག་གི་སྲོལ་རྒྱུན་འགྲན་སྡུར་འཁྲབ་སྟོན།  རིག་གནས་སློབ་གསོ་དང་གཟུགས་མེད་ཤུལ་བཞག་གི་ལག་ཤེས་མྱོང་རོལ་ལ་སོགས་པ་རེས་མོས་སུ་བཏོན་པ་སྟེ།  ལྗོངས་ཁུལ་གྱི་བཟོ་ཁང་མདུན་དུ་མཚོ་སྔོན་གཙག་དྲུབས་དང་ཐང་གའི་རྒྱུན་འཛིན་པས་གཙག་ཞོར་དང་འབྲི་ཞོར་ཏུ་གཙག་ཐབས་དང་འབྲི་སྟངས་འཁྲིད་པ་དང་།  ཚོང་ཁྲོམ་སྲང་ལམ་དུ་རི་གླུ་ལེན་རེས་དང་།  གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཁྲོམ་ར་བཅས་སུ་མི་ཚོགས་ཀྱི་འདུ་ལོང་ཆེ།   རིག་གནས་དངོས་མང་བཤམས་སྟོན་ཁང་དང་སློབ་རའི་སློབ་ཁྲིད་ཁྲོད་དུ།        མདའ་འཕེན་དང་།ལག་ཤེས་ལ་མྱོང་རོགས་བྱེད་པ་སོགས་ཞིབ་སློབ་བྱེད་སྒོར་ཞུགས་མཁན་ཧ་ཅང་མང་།   ན་སྟོན་དང་ཧུའེ་རིགས་གསོལ་སྟོན།  མདའ་སྟོན། རྟ་ཐོག་གི་ཟློས་གར་ལ་སོགས་དམངས་སྲོལ་འཁྲབ་སྟོན་འགྲོ་ཞོར་འདུག་ཞོར་ཏུ་འཁྲབ་ཅིང་།   འཁྲབ་ཞོར་བཤད་ཞོར་དུ་ཆས་པས“གཟུགས་མེད་ཤུལ་བཞག་རིག་གནས་ལ་ལྟ་བ” དེ“གཟུགས་མེད་ཤུལ་བཞག་རིག་གནས་རོལ་བ”ནས“སློབ་སྦྱོང་བྱེད་ས”ཞིག་ཏུ་གྱུར།  

དམངས་ཕན་ཁེ་རག   སྒོར་སྟོང་གི་འཛད་སྤྱོད་འཛིན་ཡིག་གིས་སྦྲེལ་ཐག་ཧྲིལ་བོའི་འཛད་སྤྱོད་སྒུལ།  

མང་ཚོགས “ཡོང་འདོད་པ་དང་།  འདུག་འདོད་པ།  རོལ་འདོད་པ”ཞིག་བྱེད་ཐུབ་དགོས་ན།   ཡུལ་སྐོར་གྱི་མ་རྩ་ཇེ་ཉུང་དུ་གཏང་རྒྱུ་གནད་འགག་ཡིན་པར་མ་ཟད།  བསམ་པའི་རིག་གནས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱེད་རྒྱུ་ནི་གལ་ཆེན་ཡིན།   དུས་ཆེན་གཉིས་ཀྱི་རིང་ལ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཆེད་ལས་གླུ་གུར་ཚོགས་པ་དང་། དམངས་ཁྲོད་རིག་རྩལ་ཚོགས་པ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ།  གསར་བརྗེ་གླུ་དབྱངས་མཉམ་ལེན་དང་།   མཉམ་དཀྲོལ་རོལ་མོའི་སྤྲོ་ཚོགས།  ས་གནས་ཀྱི་གླུ་མ་གཏམ།  རི་གླུ།  ཆིན་ལུགས་ལེན་སྟངས།  གོ་བརྙན་འཁྲབ་སྟོན། སྤྱི་ཕན་གློག་བརྙན་སྟོན་པ། རིག་རྩལ་འཁྲབ་སྟོན་གཞི་རིམ་དུ་སྐོར་འཁྲབ་སོགས་བྱེད་སྒོ་སྤེལ་ཏེ།      གར་སྟེགས་ཆུང་ཆུང་དེ་ཐང་ཆེན་དང་།  ལྗོངས་ཁུལ། ཞིང་སྡེ། ཚོང་ར་སོགས་སུ་བསྐྱེད་དེ།    རིག་གནས་དམངས་ཕན་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ནས་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྣ77བཏོན།  

གྲོང་ཁྱེར་གྱི་ཐང་ཆེན་ནས་ཞིང་གྲོང་གི་གར་སྟེགས་བར། ལྗོངས་ཁུལ་གྱི་འཛུལ་སྒོ་ནས་ཁྲོམ་རའི་སྲང་ལམ་བར། ཆེན་ལས་ཀྱི་འཁྲབ་སྟོན་པ་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་བ་མཉམ་འཁྲབ་བར་དུ།  སྲོལ་རྒྱུན་གྱི་དབྱངས་རྟ་དང་དུས་རབས་ཀྱི་འགྱུར་ཁུགས་མཉམ་དུ་དཀྲོལ་ཏེ། ཡུལ་སྐོར་བ་རྣམས་ཀྱིས་ཡུལ་སྐོར་གྱི་ལམ་དུ“ཡིད་ཀྱི་འཆར་ཡན་དང་ཕུགས་ཀྱི་འདུན་མ”ངང་གིས་ཚོར་བ་དང་།    མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་ཁར་རིག་གནས་ཀྱི་གསོལ་སྟོན་ལ་མཉམ་དུ་རོལ་ཐུབ་པ་བྱུང་།   

དུས་ཆེན་གཉིས་ཀྱི་རིང་ལ། མཚོ་སྔོན་གྱིས་དམངས་ཕན་གྱི“ཐབས་མང་གཅིག་ཏུ་དྲིལ”བ་སྟེ།  ཞིང་ཆེན་ཡོངས་ཀྱི་རིམ་ཁག་དངོས་མང་བཤམས་མཛོད་ཁང་དང་། རིག་གནས་ཁང་། དཔེ་མཛོད་ཁང་སོགས་ཀྱིས་རིན་མེད་ཀྱིས་སྒོ་ཕྱེས་པ་མ་ཟད།   དུས་ཚོད་རིང་དུ་བསྲིངས་པའི་ཞབས་ཞུ་བཏོན་ནས་སྤྱི་གཞུང་རིག་་གནས་ཀྱི་ཕན་ཁེ་མང་མང་པོ་ཞིག་ལ་རག་ཏུ་བཅུག   

ལྷག་པར་དུ་དམངས་ཕན་བྱེད་ཐབས་ཕན་ལྡན་དག་འཛད་སྤྱོད་ཀྱི་ཕྱོགས་ལ་སྤྱད། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་གཅིག་གྱུར་འཆར་འགོད་ཐོག་སྤྲིན་རྩིས་སྤྲོད་དང་། ཞེའུ་ཁྲེན། མེ་ཐུན།  ཧྥེ་ཀྲུའུ།  ཐུང་ཁྲེན། ཧྲེན་ཀྲོའུ་བོགས་འཁོར། ཀྲུང་གོའི་བཟོ་ཚོང་དངུལ་ཁང་བཅས་སྟེགས་བུ་ཆེན་པོ་བདུན་དང་མཉམ་དུ།      མ་དངུལ་ཁྲི1000ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཡིག་ཐད་བཏང་སྟེ།   སྟེགས་བུ་དུ་མས་བར་ཁྱད་ཅན་གྱིས་འདོན་སྤྲོད་བྱས་པ་དང་།  གཙོ་བོ་ཡུལ་སྐོར་ལམ་ཐིག་དང་ལྗོངས་ཁུལ་གྱི་པ་སེ།  མགྲོན་ཁང་། རིག་གནས་ཡུལ་སྐོར་འཁྲབ་སྟོན།    འགྲིམ་འགྲུལ་འགྲོ་འོང་།   གཟུགས་མེད་ཤུལ་བཞག་གི་ཟས་མཆོག      ཁྱད་ལྡན་རིག་གནས་གསར་གཏོད་ལ་སོགས་འབྲེལ་ཐག་ཧྲིལ་བོའི་འཛད་སྤྱོད་བྱེད་སྟངས་ཤིག་བཏོན། 

དེ་ལས་སྤྲིན་རྩིས་སྤྲོད་ཀྱིས་གཅིག་སྤྱོད་འཛིན་ཡིག་དང་།  དུས་སྟོན་གྱི་འཛིན་ཡིག  འཁྲབ་སྟོན་ཆེད་སྤྱོད་འཛིན་ཡིག་བཅས་བཀོད་སྒྲིག་བྱས་ཡོད་ཅིང་།      དྲ་ལམ་དུ་འཛད་སྤྱོད་སྒོར200 བྱས་ན་སྒོར50འཕྲི་བ་དང་།  འཛད་སྤྱོད་སྒོར60བྱས་ན་སྒོར15མར་ཕབ་པའི་འཛིན་ཡིག་བཀྲམས།  མཚོ་སྔོན་པོའི་དུས་ཆེན་གཉིས་ཀྱི་བརྗོད་དོན་བྱེད་སྒོ་དང་།  ཁྲི་ཀའི་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དགུའི་དམངས་གླུ་གདན་ཞུའི་འགྲན་སྡུར་ལ་སོགས་སུ་བརྗོད་དོན་འཛིན་ཡིག་གོང་བདེ་བཀྲམས་པ་སྟེ། ཆེས་མཐོ་བ་སྒོར100ཕབ་ནས་ས་གནས་ཀྱི་འཛད་སྤྱོད་དང་དྲ་འོག་གི་དུས་ཆེན་བྱེད་སྒོ་འཚམ་པོ་བྱས།   ཞའེ་ཁྲེན་དང་།མེ་ཐུན། ཧྥེ་ཀྲུའུ། ཐུང་ཁྲེན་བཅསOTAསྟེགས་བུ་ཆེན་པོ་བཞིས་ལྗོངས་ཁུལ་གྱི་པ་སེ་དང་། མགྲོན་ཁང་། ཡུལ་སྐོར་ལམ་ཐིག་བཅས་ལ་ཆེས་མཐོ་བ་བརྒྱ་ཆའི་བདུན་བཅག་པ་དང་།   ཐེངས་གཅིག་ལ་ཆེས་མཐོ་བ་སྒོར1000མར་བཅག་ཡོད།    གནམ་གྲུ་པ་སེའི་ཕྱོགས་ནས་འཛད་སྤྱོད་སྒོར200བྱས་ནས་སྒོར60མར་ཕབ་པ་དང་།   མེ་འཁོར་པ་སེ་ཕྱོགས་ནས་སྒོར100འཛད་སྤྱོད་བྱས་ནས་སྒོར20མར་ཕབ་པ།  གློག་བརྙན་གྱི་ཁ་སེ་འཛད་སྤྱོད་སྒོར100བྱས་ནས་སྒོར10མར་ཕབ་པའི་གཟིགས་སྐྱོང་ཆ་ཚང་བ་ཞིག་བཏོན་པ་མ་ཟད།  རྒྱལ་ཕྱིའི་ཡུལ་སྐོར་སྐུ་མགྲོན་ལ་ཆེད་དུ་ཁེ་དབང་བཀོད་སྒྲིག་བྱས་ཏེ།  ཞིང་ཆེན་ཕྱི་ནང་གི་འགྲོ་སྐྱོད་ལ་སྟབས་བདེ་བཟོས། 

གཞན་ཧྲན་ཀྲོའུ་བོགས་འཁོར་གྱིས་སྒེར་འཁོར་ཡུལ་སྐོར་བར་འཛད་སྤྱོད་སྒོར200བྱས་ནས་སྒོར50མར་ཕབ་པ་དང་། སྒོར2000བྱས་ནས་སྒོར400མར་ཕབ་ལ་སོགས་པའི་གཟིགས་སྐྱོང་བྱེད་ཐབས་བཏོན་ལ། དེ་ཞིང་ཆེན་ཡོངས་ཀྱི་རླངས་འཁོར་གླ་སའི་དྲ་ཚིགས་བཏོན་ནས་མཐོ་སྒང་གི་སྒེར་འཁོར་ཡུལ་སྐོར་ལ་འཚམ་པོ་བཟོས།  ཀྲུང་གོའི་བཟོ་ཚོང་དངུལ་ཁང་གིས་དངུལ་རྩའི་གཏོང་སྤྲོད་གཟིགས་སྐྱོང་རིམ་བརྩེགས་ཅན་བཏོན། རབ་མཛེས་མཚོ་སྔོན་ཡིད་རྟོན་བྱང་བུས་ཀྲུང་གོའི་རྡོ་སྣུམ་ལྡུག་ན་འཛད་སྤྱོད་ཆེས་མཐོ་བ་སྒོར70མར་ཕབ་པ་དང་ཆབས་ཅིག བཟའ་བཏུང་ཉོ་ཚོང་ཐད་ནས་མར་ཕབ་པའི་ཕན་ཁེ་ཆ་ཚང་ཞིག་བཏོན་ཡོད།  འཛད་སྤྱོད་འཛིན་ཡིག་ལ་ས་ཁོངས་ཀྱི་ཚད་བཀག་མེད་པར་ཞིང་ཆེན་ཕྱིའི་ཡུལ་སྐོར་བ་དང་ས་གནས་རང་གི་སྡོད་དམངས་སུ་ཡིན་རུང་བླངས་ནས་འཛད་སྤྱོད་བྱ་ཆོག     

ལྗོངས་ཁུལ་མང་ཤོས་ཀྱིས་དྲ་ཐོག་སྟེགས་བུ་མཉམ་འགུལ་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་གཟིགས་སྐྱོང་འཛིན་ཡིག་བཏོན།   ཞིང་ཆེན་ནང་ཁུལ་གྱིAརིམ་པའི་ལྗོངས་ཁུལ་གྱིས་དུས་ཆེན་གྱི་པ་སེ་རིན་གོང་ཇེ་བདེར་བཏང་སྟེ། དམིགས་བསལ་མི་ཚོགས་ཀྱི་པ་སེ་རིན་གོང་མ་གཅོག་པའམ་མི་དགོས་པའི་གཏན་འབེབས་ལག་བསྟར་གཟབ་ནན་བྱས།   ཁྱད་ལྡན་དམངས་ཤག་སྣ་ཚོགས་འདོན་སྤྲོད་བྱས་ནས་ཟས་སྡོད་སྟབས་བདེ་ཡི་བྱེད་ཐབས་བཏོན། གློག་བརྙན་ཁང་སོ་སོས་གློག་བརྙན་ལ་ལྟ་བའི་དམངས་ཕན་ཁེ་ཕན་འཚམ་པོ་རེ་བཏོན་ཏེ།    ཟུར་མང་པོ་ནས་དུས་ཆེན་གྱི་འཛད་སྤྱོད་གདམ་གསེས་ཕུན་སུམ་ཚོགས་པར་བཏང་བ་སོགས་མི་སྔར་ལས་མང་པོ་ཞིག་རི་ཆུ་བརྒལ་ནས་སྟོན་དུས་ཀྱི་མཛེས་ལྗོངས་སུ་མྱོང་རོལ་བྱེད་དུ་བཅུག

ཐོན་ལས་མཉམ་བསྲེས།  ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཁམས་གསོ་ཐོན་ལས་མཉམ་པོར་གོང་དུ་སྤེལ།  

གཅན་ཚའི་བདེ་སྐྱིད་གྲོང་ཚོའི་མདའ་འཕེན་གྱི་བང་སྒྲ་རེ་རེ་ནས་རྨ་འགྲམ་རྒྱུད་ཀྱི་ཞིང་ཆེན་དགུའི་བྲོ་གར་གྱི་སྟངས་སྟབས་བར།  གངས་དཀར་རི་བོའི་རི་རྒྱུད་འཛེག་པ་ནས་མཚོ་སྔོན་པོའི་ལེ་དབར་ཐིག་གི་རྐང་འཁོར་བར།  རྐང་གྲུག་རིམ་བརྒལ་མཉམ་འབྲེལ་འགྲན་སྡུར་གྱི་ཀུ་ཀུ་བསོ་སོ་ནས་ཝན་ཧྥེན་པའི་རི་ཐང་ལྕགས་རྟ་འགྲན་སྡུར་གྱི་འཕུར་སྐྱོད་བར་དུ། མཚོ་སྔོན་གྱིས་བྱེད་སྒོ་སྣ350ལྷག་བཏོན་ནས་དུས་ཆེན་གཉིས་ལ་སྣེ་ཁྲིད་དེ་ལུས་རྩལ་འགྲན་སྡུར་དེ་ལྗོངས་ཁུལ་དང་། ཁྲོམ་ར།  ཞིང་གྲོང་བཅས་སུ་སྤེལ། 

གཅན་ཚ་རྫོང་ནི“ཀྲུང་གོའི་མི་རིགས་མདའ་འཕེན་ལུས་རྩལ་འགྲན་སྡུར་གྱི་ཕ་ས”ཡིན་པའི་ཆ་ནས་ཆེད་དུ་ལོ་ཆུང་ན་གཞོན་གྱི་མདའ་འཕེན་འགྲན་སྡུར་སྤེལ་ཏེ།  འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་མ་བྱས་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་དམངས་སྲོལ་དེ་ལོ་ཆུང་གི་རབས་དེ་ལ་རྒྱུན་འཛིན་བྱེད་དུ་བཅུག  ལས་བཟོ་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་དང་།  སྐམ་སའི་འཁྱགས་བུམ་མཉམ་འབྲེལ་འགྲན་སྡུར། དགུ་བའི་ཚེས་དགུའི་རི་འཛེག་རྐང་ཐང་ལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཆེད་ལས་རྩལ་འགྲན་དང་མང་ཚོགས་ཀྱི་ལུས་ཕུང་སྦྱོང་བརྡར་གཉིས་མཉམ་དུ་གར་སྟེགས་སུ་བུད།   འགྲན་སྡུར་ལ་སྟེགས་བུ་བསྐྲུན་པ་དང་།  རིག་གནས་ཡུལ་སྐོར་དང་གླུ་གར། ཚོང་ལས་ཉོ་ཚོང་དང་ཁམས་གསོ་བཅས་མཉམ་འབྲེལ་བཅས་ལ་བརྟེན་ནས་མཚོ་སྔོན་གྱིས“ཞིང་ལས་ལུས་རྩལ་དང་རིག་གནས་ཡུལ་སྐོར། ཚོང་ལས་ཁམས་གསོ་བཅས་”མཉམ་དུ་བསྲེས་ཏེ། “འགྲན་སྡུར་གྱི་བཞུར་རྒྱུན”འཕེལ་རྒྱས་འཕར་གྲངས “སུ་བསྒྱུར།  

ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་དང་སྟོང་སྐོར། རྟ་ཐང་། མདོ་ལ། ཡུལ་ཤུལ་གྲོང་ཁྱེར་སོགས་ས་གནས་དང་ཡུལ་ཚོ་གྲོང་རྡལ་གྱིས་ཞིང་ཕྱུགས་ཐོན་རྫས་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་།  ཞིང་ལས་སྤྲོ་དགའི་འགྲན་སྡུར་དང་། ལོ་ལེགས་རིག་རྩལ་འཁྲབ་སྟོན་བཅས་རེས་མོས་སུ་སྤེལ་ཏེ། ལོ་ལེགས་ཀྱི་འབྲས་བུ་ཕྱིར་ངོམ་པ་དང་རྟེན་འབྲེལ་ཞུ་བ་སོགས་ཀྱི་སྒོ་ནས་ཞིང་གྲོང་དར་སྤེལ་གྱི་གཡུར་ཟའི་འབྲས་བཟང་གསོན་ཉམས་ལྡན་པོས་ངོམ།   

མཐོ་སྒང་གི་མཚན་མོའི་མཁའ་དབྱིངས་དང་། རླུང་ཁམས་ཆེན་མོ་སོགས་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་ཚུགས་ཏེ།  ཉ་གང་ཟླ་བར་གཟིགས་པ་དེ་གསར་བརྗེ་རིག་གནས་དང་། གངས་རིའི་སྐྱེ་ཁམས། རྨ་ཙོང་དམངས་སྲོལ་དང་གཅིག་ཏུ་བསྲེས་ནས་མཚན་མའི་མཁའ་དབྱིངས་ལ་གཟིགས་པའི་ཁྱད་ལྡན་མྱོང་རོལ་གསར་ཏུ་བཏོད།   མཚོ་ནུབ་ཁུལ་གྱིས་མཚན་ལྗོངས་ཀྱི་རོལ་དབྱང་སྤྲོ་ཚོགས་རབ་དང་རིམ་པ་སྤེལ་ཏེ།  ཚྭ་ཁའི་ཚྭ་མཚོ་དང་བྱེ་ཀླུང་གི་མཚན་མོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས།  ཟི་ལིང་ནས་ཅི་ལུང་ཕོ་བར་གྱི་ཐད་འཕུར་གནམ་གྲུ་ལ་གཞི་བཅོལ་ཏེ།    ཨེ་ཤ་ཡ་ཤར་ལྷོའི་ཁྲོམ་རར་ཡུལ་སྐོར་ཐོན་རྫས་ནང་འདྲེན་བྱས་ཏེ་རྒྱལ་ཕྱིའི་ཡུལ་སྐོར་བའི་ཁྲོམ་ར་རྒྱ་བསྐྱེད།  

མཚན་པོའི་མཁའ་དབྱིངས་འོག་ན།  ཆུ་རྒྱུན་བཞིན་འབབ་པ་ནི་འཆར་ཡན་རེ་རེ་རེད།   བཤམས་མཛོད་ཁང་དུ་རིག་གནས་ཀྱི་མཆེད་རྒྱུན་རིང་བོ་ཞིག་ཉར་འདུག   དཔེ་མཛོད་ཁང་དང་དངོས་མང་བཤམས་སྟོན་ཁང་། རིག་གནས་ཁང་གི་ནུས་པ་གང་ལེགས་བཏོན་ཏེ། མཚོ་སྔོན་གྱིས་ཆེད་སྒྲིག་རིག་དངོས་བཤམས་སྟོན་དང་། དམངས་ཡོངས་ཀྱི་དཔེ་ཀློག  གསར་བརྗེ་སློབ་གསོ། ཚན་རིག་ཁྱབ་གདལ་དང་ཞིབ་སློབ།  ཡིག་རིས་བརྙན་ལེན། དྲ་ཐོག་དྲིས་ལན། སྙན་ངག་གྱེར་འདོན་ལ་སོགས་བྱེད་སྒོ་སྤེལ་ནས་གསར་བརྗེ་རིག་གནས་དང་། རྨ་ཙོང་ལོ་རྒྱུས། རྒྱལ་ཁབ་སྤྱི་གླིང་གི་རིག་གནས།     དྲ་ཐོག་དང་དྲ་འོག་གཉིས་ཀར་སྤེལ་བའི་སྤྱི་གཞུང་རིག་གནས་ཞབས་ཞུའི་བྱེད་སྒོ116བཏོན།  

མཚན་མོའི་ཟླ་བར་གཟིགས་པ་ནས་རིག་དངོས་བཤམས་སྟོན་དང་ཞིབ་སློབ།  མཚན་མོའི་འཛད་སྤྱོད་ནས་ས་ཁོངས་ཡུལ་སྐོར་བར་མཚོ་སྔོན་གྱིས་རི་ཆུ་གླེགས་བམ་དང་། རིག་གནས་ཀྱི་བླ་སྲོག་ཏུ་བཀུར་ཏེ།  དུས་ཆེན་གཉིས་ཀྱི་རིག་གནས་ཡུལ་སྐོར་ལ“སྙན་ངག་དང་ཕུགས་སེམས”ཀྱི་འཆར་ཡན་ཞིག་དང་།  “ཁྱིམ་དང་རྒྱལ་ཁབ”ཀྱི་དྲོད་སྐྱིད་ཅིག་འདོན་སྤྲོད་བྱས་པ་དང་།    མཚོ་སྔོན་པོའི་འགྲམ་ནས་རྨ་ཆུའི་ངོགས་དང་།  ཏན་ཞའི་ཕུགས་ནས་གནའ་གྲོང་གི་སྲང་ལམ་བར་དུ། བྱེད་སྒོ་སྣ350ལྷག་ནི་ཐ་སྐུད་གཅིག་ཏུ་བརྒྱུས་པ་བཞིན་མཚོ་སྔོན་སྟོན་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ལ་རྣམ་པར་བཀྲ་བའི་ལྗོངས་རིས་ཤིག་བཞེངས་བསྐྲུན་བྱས་ཡོད་ཅིང་། དེ་དག་གིས་ཡུལ་སྐོར་བའི་གུང་གསེང་རིང་གི་ལམ་ཐིག་གཅིག་སྦྲེལ་ཡོད་པར་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་ཐབས་ལམ་དང་། གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་སྡིངས་ཆ།  ཞིང་གྲོང་རྣམ་པ་གསར་བའི་གོ་སྐབས།  ཐོན་ལས་མཉམ་སྤེལ་གྱི་སྦྲེལ་ཐག་ལྟ་བུའང་གྱུར་ཡོད་དོ། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།