མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་དྲག་རྩལ་གྱི་ཕུལ་བྱུང་མི་སྣའི་འགྲན་སྡུར་སྐབས་གསུམ་པ་མེན་ཧོ་རུ་སྤེལ།

ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

ཟླ10པའི་ཚེས5ཉིན། མཚོ་ཤར་གྲོང་ཁྱེར་གྱི་རྫོང་གཅིག་ལ་ཁྱད་ལྡན་ཐོན་རྫས་གཅིག་ཅེས་པའི་ཁྱད་ལྡན་ཚོང་རྟགས་འགྲན་སྡུར་དང་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་དྲག་རྩལ་གྱི་ཕུལ་བྱུང་མི་སྣའི་འགྲན་སྡུར་སྐབས་གསུམ་པ་དེ་མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ལུས་རྩལ་ཁང་དུ་སྤེལ་བ་དང་། རང་ཞིང་གི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་འཐུས་ཚབ་རུ་ཁག་ཉི་ཤུའི་རུ་མི་བཞི་བརྒྱ་དང་བརྒྱད་མཚོ་སྔོན་གྱི་ཤར་ཕྱོགས་སུ་འཛོམས་ནས། དྲག་རྩལ་བརྒྱུད་དེ་མཛའ་བརྩེ་ཇེ་ཟབ་ཏུ་བཏང་བ་དང་རྒྱལ་སྟོན་དུས་ཆེན་ལ་ལེགས་སྐྱེས་འབུལ།

ཐེངས་འདིར་དྭངས་གཙང་རྨ་ཆུ། ཉམས་ལྡན་མེན་ཧོ། རྩལ་ལྡན་རྨ་ཙོང་ཞེས་པ་བརྗོད་གཞི་བྱས་པའི་དྲག་རྩལ་གྱི་འགྲན་སྡུར་སྤེལ་བ་དང་། འགྲན་སྡུར་སྤེལ་ཡུན་ཉིན་གསུམ་རེད། བསྡོམས་པས་བྱིས་པ་དང་ན་ཆུང་། གཞོན་ནུ། དར་མ། རྒན་པ་བཅས་འགྲན་སྡུར་ཚན་ཆུང་ལྔ་བཀོད་སྒྲིག་བྱས་ཏེ། ཁུ་ཚུར་དང་གྲི། མདའ། དབྱུག་པ་སོགས་འགྲན་སྡུར་ནང་དོན་ཁག་ཆེན་པོ་དྲུག་དང་ཆུང་ཤོས་བརྒྱ་དང་བརྒྱད་ལ་ཁྱབ་ཡོད། འགྲན་སྡུར་གྱི་ཡུལ་དངོས་སུ། ན་ཆུང་བྱིས་པ་ནས་དར་མ་རྒན་པའི་བར། དྲག་རྩལ་འགྲན་སྡུར་གྱི་ལྭ་བ་གོན་པའི་འགྲན་ཞུགས་པ་ཚོར་དཔའ་ཉམས་ཀྱིས་ཁེངས་ལ། སྟངས་སྟབས་རེ་རེར་གསོན་ཉམས་ལྡན་པས། འགྲན་ཞུགས་པ་རྣམས་ཀྱི་དྲག་རྩལ་གྱི་རྨང་གཞི་བརྟན་པོ་དང་བདེ་ཐང་གི་སྣང་ཚུལ་མངོན་པར་བྱས།

ཐེངས་འདིའི་འགྲན་སྡུར་དེ་མཚོ་ཤར་གྲོང་ཁྱེར་གྱི་རྫོང་གཅིག་ལ་ཁྱད་ལྡན་ཐོན་རྫས་གཅིག་གི་ཁྱད་ལྡན་ཚོང་རྟགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་ཡིན་པས། མེན་ཧོའི་དམིགས་བསལ་གྱི་རྨ་ཆུའི་རིག་གནས་ཡུལ་སྐོར་ཐོན་ ཁུངས་དང་རྨ་ཙོང་རིག་གནས་ཀྱི་ནང་དོན་ལ་དམིགས་པ་དང་། དྲག་རྩལ་ལ་བརྟེན་ནས་འབྲེལ་བ་དམ་དུ་བཏང་བ་དང་འགྲན་སྡུར་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་ཕྱིར། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་དྲག་རྩལ་ལུས་རྩལ་གྱི་གྲུབ་འབྲས་གཅིག་བསྡུས་འགྲེམ་སྟོན་དང་། ཀྲུང་ཧྭ་དྲག་རྩལ་རིག་གནས་རྒྱུན་འཛིན་དང་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་ཟབ་མོ་བྱས་པ།  དྭངས་གཙང་རྨ་ཆུ་དང་ཉམས་ལྡན་མེན་ཧོ་ཞེས་པའི་མཚོ་བོད་མཐོ་སྒང་གི་ས་ཚིགས་ཐོག་མའི་གྲོང་ཁྱེར་གྱི་མིང་བྱང་གྲགས་ཅན་དུ་བཏང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།