གཏེར་ལེན་ཁ་རུ་རིག་གནས་ཡུལ་སྐོར་ཁྲོམ་རའི་ཚ་རླབས་འཕྱུར།

ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

སྟོན་ཟླ་བཅུ་པར། ཚ་འདམ་གཤོངས་ཀྱི་བྱང་ཤར་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་རུ་རིག་གནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར། ཟླ10པའི་ཚེས1ཉིན་ནས་ཚེས3ཉིན་བར། གཏེར་ལེན་ཁ་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་བཞི་དང་སྟོང་དྲུག་དྲུག་བརྒྱ་བདུན་ཅུ་སྣེ་ལེན་བྱས་ལ། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སུམ་བརྒྱ་རེ་གཉིས་དང་གྲངས་ཆུང་ཐིག་བརྒྱད་འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་སྐར་གསོག་རིམ་པའི་མགྲོན་ཁང་གི་ཉིན་རེར་ཆ་སྙོམས་ཀྱི་འགྲུལ་བ་ཞག་སྡོད་ཚད་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་བཞི་བདུན་ལ་སླེབས་པ་དང་། ཉིན་རེར་ཆ་སྙོམས་ཀྱི་མལ་ཁྲིའི་ཁ་གྲངས་སྟོང་གསུམ་དང་བཞི་བརྒྱ་སོ་གསུམ་ལ་སླེབས།

རྒྱལ་སྟོན་དུས་ཆེན་སྐབས། གཏེར་ལེན་ཁ་གྲོང་ཁྱེར་གྱིས་མི་དམངས་དྲ་བ་དང་མཚོ་སྔོན་ཉིན་རེའི་ཚགས་པར། འདར་དབྱིངས་སོགས་སྟེགས་བུ་བརྒྱུད་དེ་རིག་གནས་ཡུལ་སྐོར་གྱི་བརྙན་བརྒྱུད་སྐུར་བྱས་པས། གྲོང་ཁྱེར་གྱི་བརྗོད་གཞིའི་ཚ་རླབས་དང་སྐད་གྲགས་ཚད་བསྟུད་མར་ཆེ་རུ་ཕྱིན་པ་དང་། ཞེན་མི་མང་བའི་དྲ་རྒྱའི་ཐད་གཏོང་མཁན་མང་ཤོས་ཀྱིས་ཁྱབ་གདལ་གྱི་ནང་དོན་གཅིག་བསྡུས་ཀྱིས་སྤེལ་ཞིང་། འབྲེལ་ཡོད་བརྙན་ཐུང་ལྟ་ཚད་ཐེངས་ས་ཡ་གཅིག་ལྷག་དང་བསྔགས་རྡེབ་ཚད་མི་ཐེངས་འབུམ་གཅིག་ལྷག་ལ་སླེབས།

བླ་ཤིང་གློག་བརྙན་ཕབ་ལེན་རྟེན་གཞིའི་ཁི་ལུའུ་ཁི་གྲོང་རྡལ་དུ་རྒྱལ་སྟོན་དུས་སྐབས་སུ་ཡུལ་སྐོལ་བ་མང་པོ་སྣེ་ལེན་བྱས། རྟེན་གཞི་དེ་ད་ལོའི་ཟླ1པའི་ཚེས31ཉིན་སྒོ་ཕྱེས་པ་ནས་བཟུང་། བསྡོམས་པས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་འབུམ་གཅིག་དང་ཁྲི་གཉིས་ལ་སླེབས་པ་དང་། ཉེ་འཁོར་གྱི་འཛད་སྤྱོད་སྒོར་བྱེ་བ་བཞིར་ཉེ་བ་སྐུལ་ཁྲིད་བྱས། རྒྱལ་སྟོན་དུས་ཆེན་སྔོན་ལ། གནས་འདིའི་ཉིན་རེར་ཆ་སྙོམས་ཀྱི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་སྟོང་གཅིག་དང་ལྔ་བརྒྱར་སླེབས་ཡོད་ལ། ཟླ10པའི་ཚེས1ཉིན་ནས་ཚེས3ཉིན་བར་ཉིན་རེར་ཆ་སྙོམས་ཀྱི་སྣེ་ལེན་བྱེད་ཚད་མི་ཐེངས་སྟོང་གསུམ་དང་བཞི་བརྒྱ་རེ་བརྒྱད་ལ་འཕར་ཞིང་། ཟླ་སྔོན་མ་དང་བསྡུར་ན་འཕར་ཚད་བརྒྱ་ཆའི་བརྒྱ་དང་སོ་གཅིག་དང་གྲངས་ཆུང་གཉིས་ལ་སླེབས།

དེ་དང་མཉམ་དུ། ལིའུ་ལིས་མཚོ་རུ་ཡུལ་སྐོར་བ་མང་པོའི་དུས་སྐབས་སུ་སླེབས། རི་ཁུག་ཏུ་འཁྱིལ་བའི་རང་བྱུང་ཚྭ་མཚོ་འདི་ཡི་དྭངས་གཙང་གི་མཚོ་ཆུ་དང་གདོད་མའི་སྐྱེ་ཁམས་གྲམ་ཐང་གི་མཛེས་པས་མཚོ་སྔོན་དང་ཀན་སུའུ་རྒྱུད་ཀྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་མེད་དུ་བཀུག རྒྱལ་སྟོན་དུས་ཆེན་སྐབས། ལིའུ་ལིས་མཚོའི་ལྗོངས་ཁུལ་གྱི་རླངས་འཁོར་འགྲོ་འོང་ཚད་ཉིན་རེར་ཆ་སྙོམས་ཀྱིས་ཐེངས་སྟོང་གཅིག་དང་བདུན་བརྒྱ་རེ་བདུན་ལས་བརྒལ་བས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན།

གཞི་གྲངས་འཕར་སྣོན་བྱུང་བའི་རྒྱབ་ལོགས་སུ། གཏེར་ལེན་ཁ་གྲོང་ཁྱེར་དེ་བར་བརྒྱུད་ས་ཚིགས་ནས་དམིགས་འབེན་ས་ཁུལ་དུ་འཕོ་འགྱུར་བྱུང་བའི་རྣམ་པ་ཡོད། སྔོན་ཆད། གཏེར་ལེན་ཁ་དེ་མཚོ་སྔོན་སྐོར་ལམ་གྱི་ས་ཚིགས་ཤིག་ཡིན་པས། ཡུལ་སྐོར་བ་འདུག་ཡུན་ཐུང་ལ་འཛད་སྤྱོད་སྣ་རྐྱང་ཡིན། ད་སྐབས། བརྙན་ཐུང་སྟེགས་བུའི་དྲིལ་སྒྲོག་དང་གློག་བརྙན་གྱིIPལ་བརྟེན་ནས། སྙན་ངག་པ་ཧའེ་ཙིའི་སྙན་ངག་དང་དམ་དུ་འབྲེལ་བའི་གྲོང་ཁྱེར་འདི་ཉིད་མི་མང་པོ་ཞིག་གི་ཡུལ་སྐོར་གྱི་དམིགས་སར་འགྱུར་བཞིན་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།