དངོས་སྒྲུབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན།

རྒྱལ་སྟོན་གྱི་གུང་གསེང་སྐབས་སུ། ལས་རིགས་སོ་སོའི་ངལ་རྩོལ་པ་གྲངས་མེད་ཀྱིས་ལས་གནས་བརྟན་སྲུང་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ།  སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་འཇོག་བཞིན་ཡོད་ཅིང་།  དངོས་སྒྲུབ་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་བ་གཏོད།

 རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། ཀྲུང་གོའི་ས་གཞི་ཆེན་མོར་དངོས་སྒྲུབ་ཡར་བརྩོན་གྱི་ཚ་རླབས་འཕྱུར་ཞིང་།   མཚོ་འཕགས་སྨི་4600ལྷག་ཡོད་པའི་གནས་སུ་བོད་ལྗོངས་རླུང་གློག་ལས་གཞི་བྲེལ་འཚུབ་ཀྱིས་སྒྲུབ་བཞིན་ཡོད་ཅིང་།  འཛུགས་སྐྲུན་པས་མཐོ་ཞིང་གྲང་བ་དང་དབྱང་རླུང་དཀོན་པའི་དཀའ་ངལ་སེལ་ནས་མགྱོགས་མྱུར་སྒོས་སྒྲིག་ཆས་སྙོམས་སྒྲིག་བྱེད་བཞིན་ཡོད་ལ། ལོ་མཇུག་ཏུ་དྲ་སྦྲེལ་འཁོར་སྐྱོད་ཐུབ་པར་ནུས་ཤུགས་ཡོད་རྒུས་འབད་འབུངས་བྱེད་བཞིན་ཡོད།

ཀྲུང་གོ་ཀོང་ཧུའུ་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒེར་རྩེ་རླུང་གློག་ལས་གཞིའི་འགན་འཁུར་པ་ལིའུ་ལན་ཆིང་གིས་བཤད་རྒྱུར། ང་ཚོར་མཚོན་ནས་བཤད་ན་དངོས་སྒྲུབ་ནི་རླུང་མཚམས་བཞག་ཚེ་མྱུར་དུ་རླུང་འཁོར་སྒྲིག་ཆས་འཇོག་པ་དང་།   ཆད་པའི་གཞུང་ལམ་མྱུར་དུ་ཤར་གཏོང་ཐུབ་པར་བྱས་ཏེ་ཏན་ཏིག་གིས་རླུང་འཁོར་རེ་རེ་གངས་ལྗོངས་མཐོ་སྒང་ལ་བརྟན་པོར་འཛུགས་རྒྱུ་དེ་ཡིན། 

 སྤྱིའི་རིང་ཚད་ལ་སྤྱི་ལེ134.2ཡོད་ལ། ཀོང་ཞི་ཕིང་ལུའུ་མིས་བཟོས་གཙང་པོས་གྲུ་གཟིངས་ཤར་གཏོང་ཐུབ་རྗེས་ཀྱི་ཐོག་མའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་བསུས་ཤིང་།  མིས་བཟོས་གཙང་པོར་དངོས་ཟོག་འདྲེན་ཚད་རྒྱུན་མི་ཆད་ལ།  ཆུ་ཐོག་ལྟ་སྐོར་བྱེད་མཁན་ཇེ་མང་དུ་ཕྱིན་ནས་ཉིན་འདི་དག་ལ་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཉིས་ཁྲི་ལས་བརྒལ།

ཕིང་ལུའུ་མིས་བཟོས་གཙང་པོ་སྡེ་ཚོགས་ཀྱི་ཀོང་ཞི་ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལི་མིང་ཅིན་གྱིས་བཤད་རྒྱུར། རྒྱལ་སྟོན་གུང་གསེང་གི་སྐབས་སུ་ང་ཚོས་ལས་གནས་སོ་སོར་བརྟན་སྲུང་བྱས་ནས་ནུས་ཤུགས་ཡོད་རྒུས་ཆུ་བོ་དང་རྒྱ་མཚོ་སྦྲེལ་བའི་ཆུ་ལམ་དེར་དོ་དམ་ཡག་པོ་དང་གཉེར་སྐྱོང་ལེགས་པོ་བྱེད་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“འཐབ་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་ལ་མགྱོགས་ལམ་མེད་ཅིང་དངོས་སྒྲུབ་ཁོ་ན་ཡོད།”“ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འོད་སྟོང་ལྡན་པའི་ལོ་རྒྱུས་བཏོད་པ་དང་།  ད་དུང་དངོས་སྒྲུབ་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་བ་གཏོད་དགོས།”ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྐྱར་དུ་བསྟན་དོན།“ལོ་ངོ77རིང་། རང་རེའི་ཏང་གིས་མཐུན་སྒྲིལ་སྒོས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་ཏེ།  དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཡོང་བའི་ངོ་མཚར་ཆེན་པོ་གཉིས་བཏོད་དེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ནས།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད་པས། “དཔལ་འབྱོར་རྒྱུན་མཐུད་ངང་གསར་པ་དང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ལ།  ཏན་ཏིག་གིས་དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་དང་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཧུར་ཐག་གིས་ལེགས་འགྲུབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཞིག་འཛུགས་དགོས།   འགྲོ་ལམ་བདེ་རུང་དམ་པ་དོན་གཉེར་དགོས།  རྒྱལ་སྟོན་གུང་གསེང་སྐབས་སུ།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་ཀྲུང་གོའི་ས་གཞི་ཆེན་མོར་ཁྱོན་ཡོངས་ནས་སྤེལ།  འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གསར་པ་གོ་རིམ་ལྡན་པའི་ངང་བསྐྲུན་པ་དང་ལས་གཞི་བསྐྲུན་རྗེས་འབྲི་ཆུའི་ཆུ་ལམ་གྱི་ཆུ་ཐོག་སྐྱེལ་འདྲེན་ནུས་པ་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རེད།  5G-Aརྟེན་གཞི་ས་ཚུགས་མགྱོགས་མྱུར་སྒོས་བཀོད་སྒྲིག་བྱས་ཏེ། ཀྲའོ་ཁྲི་ཡི་འོད་དྲ་སྔར་ལས་མང་བའི་གླིང་ཁུལ་དང་ཚོང་ར། སྡོད་མིའི་གཞིས་ཁུལ་བཅས་སུ་འབྲེལ་མཐུད་ཐུབ་ནས།  མྱུར་བགྲོད་འོད་སྐུད་མུ་མཐུད་དུ་རྫོང་ཁོངས་དང་ཞང་གྲོང་དུ་སྣུར་སྲིང་བྱས།   ཧོ་ནན་ཞིང་ཆེན་ནུབ་རྒྱུད་ཀྱི་རི་ཁུལ་དུ་རྒྱལ་ཁབ་ཀྱི་ཆུ་དྲའི་སྒྲོམ་གཞི་གཙོ་བོ་བཟུང་བའི་ཆན་ཕིང་ཆུ་མཛོད་ཆུ་འདྲེན་ཁུལ་གྱི་ལས་གཞིས་མགྱོགས་མྱུར་སྒོས་འགག་སྒྲོལ་བྱེད་བཞིན་ཡོད།  འཛུགས་སྐྲུན་པས་ཉིན་མཚན་མེད་པར་འབད་འཐབ་བྱས་ཏེ།  སྨི་གཅིག་རེ་གཅིག་རེ་བྱས་ཏེ་ཧོ་ནན་ཞིང་ཆེན་ནུབ་རྒྱུད་ཀྱི་མང་ཚོགས་ས་ཡ་གཅིག་འབུམ་གཉིས་ལྷག་ལ་ཕན་བདེ་སྐྲུན་པའི་ཆུ་འདྲེན་སྦུག་ལམ་ཤར་གཏོང་བྱས།

ཧོ་ནན་ཞིང་ཆེན་ཆན་ཕིང་ཆུ་མཛོད་ཆུ་འདྲེན་ཁུལ་ལས་གཞི་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཝང་ཅིན་ཡུས་ཀྱིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅིས་དཔལ་འབྱོར་རྒྱུན་མཐུད་ངང་གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཞིང་།  ང་ཚོས་ད་ལོའི་མཇུག་མཐའི་ཉིན་བརྒྱ་ཡི་གནད་འགག་གི་ཨར་ལས་དུས་ཚོད་དམ་འཛིན་བྱས་ནས་ལོ་ཧྲིལ་པོའི་ལས་འགན་གྱི་དམིགས་ཚད་ལ་ནུས་ཤུགས་ཡོད་རྒུས་འབད་འབུངས་བྱེད་བཞིན་ཡོད།

ཐའེ་ཧང་རི་བོ་འཕྲེད་དུ་བརྒལ་ནས་ཏ་ཐུང་ནས་ཐེན་ཅིན་བར་གྱི་རིག་ནུས་གློག་དྲ་གསར་པའི་ལས་གཞིའི་སྟེང་འཛུགས་སྐྲུན་པས་ལྕོག་སྒྲོམ་བཟོ་བཞིན་ཡོད།  དངུལ་གྱི་སྐུད་པ་རེ་རེ་རི་ལུང་བརྒལ་ཏེ་ཧྲན་ཞི་བྱང་རྒྱུད་ཀྱི་ལྗང་གློག་དེ་པེ་ཅིང་དང་།  ཐེན་ཅིན།  ཧོ་པེ་བཅས་ཀྱི་ཐེག་ཚད་ལྟེ་གནས་སུ་ཐད་ཀར་བསྐྱལ་རྒྱུ་རེད།

ཏ་ཐུང་ནས་ཐེན་ཅིན་ནན་ཐུའུ་མཐོ་གནོན་སྤེལ་རེས་ལས་གཞིའི་ལག་རྩལ་འགན་འཁུར་པ་རོན་ཅང་ཁྲའོ་ཡིས་བཤད་རྒྱུར།   ཟླ་བཅུ་བའི་ཟླ་སྨད་དུ་བཟོ་སྐྲུན་དུས་ལྟར་གཉེར་སྐྱོང་བྱེད་པར་འགན་སྲུང་བྱ་ཆེད།  མིག་སྔར་ང་ཚོའི་ཆེས་འགག་རྩའི་ལས་འགན་ནི་ལག་ཐོག་གི་ལས་གཞི་ཏན་ཏིག་གིས་སྒྲུབ་རྒྱུ་དང་། ཏན་ཏན་ཏིག་ཏིག་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་ཡག་པོ་ཞིག་རྩོམ་པར་ནུས་པ་འདོན་དགོས་པ་དེ་ཡིན།

ཤར་གྲངས་ནུབ་རྩིས་ཀྱི་རྩིས་ཤུགས་རྟེན་གཞི་ཆེན་པོ་བརྒྱད་ཀྱི་གཞི་གྲངས་ལྟེ་གནས་མང་པོས་དུས་ཆེན་སྐབས་སུ་བསྟུད་མར་བྱ་བ་བསྒྲུབས།  ཨན་ཧུའེ་ཝུའུ་ཧུའུ་རུ་ཚད་བརྒལ་བཟོ་སྐྲུན་པ་བརྒྱ་ལྷག་གིས་ངལ་མ་གསོས་པར་འཁོར་ཁང་དུ་ལས་རེས་བྱས་ཏེ།  རིམ་པ་ཁྲི་ཅན་གྱི་རིག་རྩིས་ཚོགས་པ་མགྱོགས་མྱུར་སྒོས་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས།

ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་དངུལ་གཏོང་གཉེར་སྐྱོང་ཚད་ཡོད་ཀུང་སིའི་འཁོར་སྐྱོད་བཟོ་སྐྲུན་པ་ཐང་ཆིས་བཤད་རྒྱུར། གུང་གསེང་གི་སྐབས་སུ་ང་ཚོས་རྩིས་ཤུགས་ཀྱི་ཡུལ་རྣམ52མཐུན་སྒྲིག་ལེགས་གྲུབ་ཟིན་ཞིང་། རྩིས་ཤུགས་ཐོན་ཁུངས་འདི་དག་རང་འགུལ་ངང་རླངས་འཁོར་གཏོང་བ་དང་། གྲངས་འཛིན་རིག་གནས་གསར་གཏོད་ཁྱབ་ཁོངས་ཀྱི་དངོས་ཡོད་བེད་སྤྱོད་ལ་བསྒྱུར་ནས།  གུང་གསེང་སྐབས་ཀྱི་རིགས་སོ་སོའི་གྲངས་འཛིན་ལས་སྒོ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།