འགྲིམ་འགྲུལ་རིམ་སྤོར་ཞབས་ཞུ་ལ་ཤུགས་བསྣན་ཏེ་ཕྱིར་ལོག་པར་འགན་སྲུང་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། དེ་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་འགྲུལ་བའི་འཁོར་རྒྱུག་ཚད་མི་ཐེངས་དུང་ཕྱུར3ལས་བརྒལ། རྒྱལ་ཡོངས་ཀྱི་ཕྱིར་ལོག་འགྲུལ་བ་གཅིག་རྗེས་གཉིས་མཐུད་ངང་བསུ་མགོ་བརྩམས། འགྲིམ་འགྲུལ་སྡེ་ཁག་གི་ཞབས་ཞུའི་རིམ་སྤོར་གྱིས་ཕྱིར་ལོག་འགྲུལ་བར“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པར་འགན་སྲུང་བྱས།

རྒྱལ་ཡོངས་ལྕགས་ལམ་གྱིས་ཚེས5ཉིན་ཕལ་ཆེར་འགྲུལ་བ་མི་ཐེངས་ཁྲི2105་སྐྱེལ་རྒྱུ་ཡིན་ལ། སྔོན་དཔག་ལྟར་ན་མེ་འཁོར1463ཇེ་མང་དུ་བཏང་། པེ་ཅིན་གྱི་མེ་འཁོར་འབབ་ཚུགས་མང་པོས་སྔ་རྗེས་སུ་རླངས་འཁོར་འཇོག་སའང་བསྒྱུར་བཀོད་བྱས། པེ་ཅིན་ལྷོ་ཕྱོགས་ས་ཚུགས་སུ། མིག་མདུན་གྱི་བརྙན་ཡོལ་ཆེན་པོ་བརྒྱུད་ནས་འགྲུལ་བར་གླ་གཏོང་རླངས་འཁོར་དང་དྲ་གཏོང་རླངས་འཁོར་གྱི་སྐབས་དོན་ཆ་འཕྲིན་མཁོ་འདོན་བྱས་ཆོག་ལ། རླངས་འཁོར་གྱི་འཇོག་གནས་ཡོད་ཚེ། དུས་ཐོག་ཏུ་འཁོར་གཏོང་གི་གནས་ཚུལ་དང་སྐད་བརྡ་གཏོང་བ་སོགས་སྣ་གཉིས་ཀྱིས་གསལ་འདེབས་བྱེད་བཞིན་ཡོད་པས། འགྲུལ་བ་དུས་ལྟར་རླངས་འཁོར་ལ་སྡོད་པར་སྟབས་བདེ་བསྐྲུན།

གཞུང་ལམ་གྱི་ངོས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གནས་ཚུལ་ལ་གཞིགས་ན། ཚེས5ཉིན་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་མཚམས36ཁེགས་སླ་བས། དུས་ཡུན་ཐུང་ངུའི་ནང་ཕྱིར་ལོག་འགྲུལ་རྒྱུན་ཤར་གཏོང་ཐུབ་ཆེད། ས་གནས་མང་པོའི་འགྲིམ་འགྲུལ་སྡེ་ཁག་དང་གཅིག་བསྡུས་སྒོས། ལས་སྣོན་གྱི་རྣམ་པས་ས་འོག་ལྕགས་ལམ་འཁོར་སྐྱོད་ཀྱི་དུས་ཚོད་ཇེ་རིང་དུ་བཏང་བ་དང་། སྤྱི་སྤྱོད་རླངས་འཁོར་ཇེ་མང་དུ་གཏོང་བར་མཐུན་སྦྱོར་བྱས། མཛེས་ལྗོངས་ཁུལ་གྲགས་ཅན་དུ། དྲ་གཏོང་རླངས་འཁོར་དང་གླ་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། མེ་འཁོར་འབབ་ཚུགས་དང་། གནམ་གྲུ་ཐང་། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་བཅས་གཞི་གཅིག་ཅན་དུ་འབྲེལ་མཐུད་བྱས་ཏེ། འགྲུལ་བ་བདེ་བླག་ངང་ཕྱིར་ལོག་ཐུབ་པར་འགན་སྲུང་བྱས།

འགྲུལ་བ་དུས་ཐོག་ཏུ་གླ་འཁོར་ལ་བསྡད་ནས་ཕྱིར་ལོག་པར་སྟབས་བདེ་བསྐྲུན་ཆེད། ད་ལོའི་རྒྱལ་སྟོན་གུང་གསེང་སྐབས་སུ་མི་ཐེངས་ཁྲི200ལ་ཁ་ཕྱོགས་ཏེ། གནམ་གྲུ་ཐང་དང་རིགས་དང་པོའི་མྱུར་བགྲོད་ལྕགས་ལམ་ས་ཚིགས་ཀྱི་འགག་སྒོ་སོ་སོར“གླ་འཁོར་ས་ཚིགས”ཁྱོན་ཡོངས་ལ་ཁྱབ་གདལ་དུ་བཏང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྔོན་ཐོན་ཁེ་ལས་ཀྱི་གླ་འཁོར་མངག་གཏོང་བརྒྱུད་རིམ་ལེགས་བསྒྱུར་བྱས་ཏེ། རིན་གོང་མི་ལེན་པའམ་ཡང་ན་རིན་གོང་དམའ་མོས་ས་ཆ་གཞན་ནས་གླ་འཁོར་ཕྱིར་སྤྲོད་པར་འགན་སྲུང་བྱས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།