ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྟོན་གུང་གསེང་སྐབས། འཛད་སྤྱོད་ཁྲོམ་རར་གསར་གཏོད་མང་པོ་ཡོད། དངོས་ཟོག་ཉོ་བ་དང་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་མཉམ་འདྲེས་རྣམ་པ་བསྐྲུན་ནས། ལས་རྣམ་གསར་པས་འཛད་སྤྱོད་མུ་མཐུད་འཕར་རྒྱུར་སྐུལ་ཁྲིད་དང་གུང་གསེང་རིང་གི་འཛད་སྤྱོད་ནུས་ཤུགས་འཕེལ་བར་བྱས།
ད་ལོའི་རྒྱལ་སྟོན་གུང་གསེང་སྐབས། ཡུལ་བབ་དང་བསྟུན་ནས་བསྐྲུན་པའི་འཛད་སྤྱོད་ཀྱི་རྣམ་པ་གསར་པར་དགའ་བསུ་ཐོབ་བཞིན་ཡོད། ཧུའུ་པེ་ཝུའུ་ཧན་ཅང་ཞ་ཆུས་ཀྱི་གསེར་མདོག་གི་འབྲས་ཞིང་ནང་དུ། མི་རྣམས་ཀྱིས་བྱིས་པ་འཁྲིད་དེ་ཞིང་འབྲེག་པ་དང་། འབྲུ་རྡོག་ལེན་པ། དེ་ནས་རང་ཉིད་ཀྱིས་དངོས་སུ་འབྲས་ཐུག་དཀར་ཡོལ་གང་བསྐོལ་ནས། མིག་མདུན་གྱི་གསེར་མདོག་དེ་རེག་རྒྱུ་ཡོད་ལ་དྲོ་སྐྱིད་ལྡན་པའི་དྲན་ཤེས་ཤིག་ཏུ་བསྒྱུར།
ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀའོ་ཡོན་གྱིས་བཤད་རྒྱུར། འདི་ན་ཁྱད་པར་ཅན་གྱི་གསོལ་ཁང་ཞིག་ཡོད་ལ། ཟས་ཅོག་ཐད་ཀར་འབྲས་ཞིང་གི་འགྲམ་དུ་བཞག་ཡོད་ལ། ཞིང་ནང་གི་ཐོན་འབབ་ཅོག་ཙེའི་སྟེང་དུ་བཞག་པ་མ་ཟད། ཅོག་ཙེའི་འགྲམ་གྱི་མཛེས་ལྗོངས་སུ་གྱུར་ཡོད། འདི་ནས་ད་དུང་སྟོན་ལྗོངས་ལ་རོལ་བ་དང་བྱ་འཛིན་པ་སོགས་ཀྱི་ཞིང་ལས་མྱོང་ཐུབ། ལོ་ལེགས་བསྡུ་བ་ནི་ཟ་ཆོག་པ་དང་ལྟ་ཆོག་པ། རྩེད་ཆོག་པའི་མྱོང་ཚོར་གསར་བ་ཞིག་ཏུ་གྱུར་ཡོད།
ཡུལ་སྐོར་བ་ཞིག་གིས་བཤད་རྒྱུར། ཐོན་མ་ཐག་འབྲས་ཀྱི་དྲི་ཞིམ་འཐུལ་ཡོང་། ད་དུང་རང་ཉིད་དངོས་སུ་འབྲས་འབྲེག་ཏུ་སོང་བས་ཕྱིར་ཆུང་དུས་སུ་སླེབས་པ་དང་འདྲ།
གུང་གསེང་སྐབས་གྲོང་གསེབ་ཏུ་ངོ་མཚར་ཆེ་ཞིང་། གྲོང་ཁྱེར་ནང་གི་ཁྲོམ་ར་ཆེ་གྲས་ཁག་ཏུ་མི་ཚོགས་ཀྱིས་ཁེངས། ཅི་ལིན་ཁྲང་ཁྲུན་གྱིས་ཕྱི་རོལ་གྱི་མཛེས་ལྗོངས་དེ་ཁྲོམ་རར་སྤར་ནས་དངོས་ཟོག་ཉོ་བའི་ཁམས་གསེང་གི་ཉམས་ལེན་བསྐྲུན། ཀྱག་ཀྱོག་གི་རྐང་ལམ་བརྒྱུད་དེ་མདུན་དུ་བསྐྱོད་པ་ན་ཁྲོམ་གཞུང་གི་ཟས་མཆོག་ལ་རོལ་བ་དང་། རིག་གནས་གསར་གཏོད་བཟོ་ཁང་དང་རིག་གནས་ཐོན་རྫས་ཚོང་ཁང་གིས་ཁྱབ་ཡོད། གྲུ་ཟུར་ཚང་མར་མཛེས་ལྗོངས་གསར་རྐྱང་རེ་ཡོད་པ་དང་རྒྱལ་སྟོན་གྱི་གུང་གསེང་རིང་ཉིན་རེར་མི་ཁྲི6ལས་བརྒལ་བ་འདིར་ཡོང་ནས་མྱོང་རོལ་བྱེད་བཞིན་ཡོད།
ཡུལ་སྐོར་བ་ཞིག་གིས་བཤད་རྒྱུར། སྔ་མོ་ནས་གྲ་སྒྲིག་བྱས་ཡོད། གུང་གསེང་བཏང་མ་ཐག་འདིར་ཡོང་ནི་ཡིན། ངོ་མཚར་བའི་སྣང་བ་ཞིག་སྟེར་ཟེར།
དངོས་ཟོག་བཙོང་བ་ཁོ་ནའི་སྲོལ་རྒྱུན་རྣམ་པ་ལས་བརྒལ་ནས་ཁྲོམ་རས་ད་དུང་འཛད་སྤྱོད་པར་སྤྲོ་སྐྱིད་མང་པོ་བསྐྲུན་ཡོད། ཀོང་ཀྲོའུ་ཡི་སྨི་གྲུ་བཞི་མ་བཞི་འབུམ་ཉིས་ཁྲི་ཅན་གྱི་ཁྲོམ་ར་རུ། ཚ་ཁུལ་ཆར་ནགས་རྩི་ཤིང་གླིང་དང་། གླིང་སྣེའི་རྒྱ་མཚོའི་འཇིག་རྟེན། རང་བྱུང་ཚན་རིག་རྟེན་མཛོད་ཁང་སོགས་རིག་གནས་ཡུལ་སྐོར་གྱི་ལས་གཞི10ལྷག་སྒོ་ཕྱེ་ནས་མགྲོན་བསུ་བྱས་པ་དང་། གྲོང་མི་དང་ཡུལ་སྐོར་བས་གཅིག་འཐུས་རྣམ་པའི་ནགས་ཚལ་འཚོལ་ཞིབ་དང་ཚན་རིག་ཁྱབ་གདལ་གྱི་ཞིབ་འཇུག་སློབ་སྦྱོང་བྱས་ཆོག ཁྲོམ་ར་ནི་གྲོང་ཁྱེར་ནང་གི་གུང་གསེང་གཏོང་ཡུལ་གཙོ་བོ་ཞིག་ཏུ་གྱུར།
ཡུལ་སྐོར་བ་ཞིག་གིས་བཤད་རྒྱུར། ངས་བལྟས་ན་ཚོང་ར་འདིའི་བྱ་འགུལ་ཅུང་ཕུན་སུམ་ཚོགས་པ་རེད། ད་དུང་ངོ་མཚར་ཅན་གྱི་ལུས་རྩལ་ར་བ་གསར་པ་སྣ་ཚོགས་ཡོད་པས་ཉིན་གཅིག་ལ་རྩེད་ནའང་མི་འདང་བ་འདྲ་ཟེར།
ཞབས་ཞུ་དང་ཚོང་ཟོག་མཁོ་སྤྲོད་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་འཛད་སྤྱོད་ཀྱི་སྦས་ཤུགས་གསར་པ་འཕེལ་བཞིན་ཡོད། ཚོང་དོན་པུའུ་ཡི་ཚོང་དོན་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་སྟོན་གུང་གསེང་གི་ཉིན་སྔོན་མ་གསུམ་གྱི་རིང་། རྒྱལ་ཡོངས་ཀྱི་གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་རྐང་ཐང་ཁྲོམ་གཞུང78དང་ཚོང་སྐོར་འགྲུལ་རྒྱུན་ན་ནིང་གི་དུས་མཉམ་ལས3.4%འཕར་བ་དང་ཚོང་གཉེར་ཚད5.3%འཕར་ཡོད། འཛད་སྤྱོད་དངོས་རྫས་ཕྱིར་འཚོང་ཚ་རླབས་འཕྱུར་བཞིན་ཡོད་ལ། རྒྱལ་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་ཕྱིར་ཚོང་ཚད་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དགུ་དུང་ཕྱུར་དྲུག་བྱེ་བ་གསུམ་ཟིན་ནས་མི་ཐེངས་ས་ཡ་གསུམ་དང་འབུམ་བཞི་ཁྲི་བརྒྱད་སྟོང་གསུམ་ལ་ཕན་པ་ཐོབ་ཡོད། དེའི་ནང་རླངས་འཁོར་རྙིང་ཚབ་གསར་བརྗེ་ཚད་ཁྲི་བཞི་དང་སྟོང་དྲུག་ལ་སླེབས་ནས་རླངས་འཁོར་གསར་པའི་ཕྱིར་ཚོང་དངུལ་འབོར་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བཞི་བྱེ་བ་ལྔ་ཟིན་པ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ་ཚད་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གཅིག་ལ་སླེབས་ཡོད། གྲངས་འཛིན་དང་རིག་ནུས་ཐོན་རྫས་ས་ཡ་གཅིག་དང་འབུམ་བདུན་སྟོང་དགུ་ཉོས་པ་དང་ཁྱོན་ཕྱིར་ཚོང་དངུལ་འབོར་སྒོར་ཐེར་ཆེན་གཅིག་དམ་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལ་སྐུལ་ཁྲིད་བྱས་ཡོད།