ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྒྱལ་ཡོངས་སུ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ཁྱོན་བསྡོམས་ཁྲི69.7ཡོད་པ་དང་། དེའི་ནང་གྲོང་ཚོ(སྡེ་ཁུལ)གྱི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ཁྲི61.2དང་ཤང་གྲོང་རྡལ་ལམ་སྲང་ལམ་གྱི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ཁྲི4ཡོད། ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་ལས་དོན་ཁང་ཁྲི5.4བཅས་ཡོད་ཅིང་། རྒྱལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་པ་མི་གྲངས་ཁྲི310.2ཙམ་ཡོད་པ་དང་། དེའི་ནང་ཆེད་བསྐོས་འདུམ་འགྲིག་པ་མི་ཁྲི56ཡོད་པས། གྲོང་ཁྱེར་གྲོང་གསེབ་ཡོངས་ལ་ཁྱབ་པའི་འདུམ་སྒྲིག་རྩ་འཛུགས་དྲ་བ་གཞི་རྩའི་ཆ་ནས་གྲུབ་ཡོད། 2025ལོར་གྱོད་དོན་རིགས་སོ་སོ་ཁྲི1653.7ལྷག་ཙམ་འདུམ་འགྲིག་བྱས་ཤིང་། འདུམ་འགྲིག་ལེགས་འགྲུབ་བྱུང་ཚད96.5%ཟིན་པ་དང་། འདུམ་འགྲིག་གྲོས་མཐུན་ལག་བསྟར་བྱེད་ཚད94%ལ་སླེབས་ཡོད།
དུས་མཚུངས་སུ་ད་ལྟ་རྒྱལ་ཡོངས་ཀྱིས"ཁྲིམས་ལུགས་ཤེས་པའི་མི་སྣ"མི་གྲངས་ཁྲི440གསོ་སྐྱོང་བྱས་ཟིན་པ་དང་། གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཁོངས་མི་དང་མི་དམངས་འདུམ་འགྲིག་པ། དྲ་མིག་དོ་དམ་པ་སོགས་ཀྱིས50%ཡས་མས་བཟུང་སྟེ། གྲོང་ཚོ་རེ་རེར་ཉུང་མཐར་ཡང"ཁྲིམས་ལུགས་ཤེས་པའི་མི་སྣ"3ཡན་ཡོད་པ་མངོན་འགྱུར་བྱུང་བ་རེད། ས་གནས་སོ་སོས"ཁྲིམས་ལུགས་ཤེས་པའི་མི་སྣ"འགུལ་རྣམ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། "ཁྲིམས་ལུགས་ཤེས་པའི་མི་སྣ"གསོ་སྦྱོང་གི་གོ་རིམ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་ལུགས་དྲིལ་བསྒྲགས་བཅའ་ཁྲིམས་གཏན་འབེབས་བྱེད་པ་དང་ཆབས་ཅིག་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་གིས་སྤེལ་ཏེ། དྲ་ཐོག་དང་དྲ་རྒྱ་མིན་པའི་ཐབས་ལམ་མང་པོ་བརྒྱུད་དེ། ཕྱོགས་མང་གཏིང་ཟབ་སྒོས་དྲིལ་བསྒྲགས་བྱས་པས་དྲ་རྒྱའི་སྟེང་རེག་ཐུག་བྱེད་མཁན་དུང་ཕྱུར14.5ལས་བརྒལ་ཡོད་པ་མངོན་འགྱུར་བྱས། །