ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2027ལོའི་རྒྱལ་ཡོངས་རབས་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཐོག་མའི་ཚོད་ལྟའི་མིང་ཐོ་འགོད་པའི་དུས་ཡུན་ནི2026ལོའི་ཟླ10པའི་ཚེས15ཉིན་ནས་ཟླ10པའི་ཚེས24ཉིན་བར་ཡིན། ཉེ་ལམ་གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་འཇུག་རྒྱུགས་སྤྲོད་ཀྱི་མིང་ཐོ་འགོད་པའི་ལས་རིམ་དང་འདྲ་པར་འཚོལ་བསྡུ་ལ་འགྱུར་ལྡོག་གསར་བ་བྱུང་འདུག
སྔོན་ཆད་ཀྱི་ཞིབ་འཇུག་རྒྱུགས་སྤྲོད་ཀྱི་མིང་ཐོ་འགོད་པར་དྲ་ལམ་གྱི་ཐོ་འགོད་དང་དྲ་ལམ་གྱི་གཏན་འཁེལ་ཞེས་དུས་རིམ་གཉིས་ཡོད་ལ། རྒྱུགས་སྤྲོད་སློབ་མས་དུས་རིམ་གཉིས་ནས་ཞིབ་འཇུག་སློབ་བསྡུའི་དྲ་ཚིགས་བརྒྱུད་དེ་རེ་འདུན་ཁ་སྐོང་དང་ཞིབ་བཤེར་རྒྱུ་ཆ་གོང་སྤྲོད་བྱེད་དགོས། 2027ལོ་ནས་བཟུང་། ཞིབ་འཇུག་སློབ་བསྡུའི་དྲ་ཚིགས་སྟེང་དྲ་ལམ་གྱི་ཐོ་འགོད་དང་དྲ་ལམ་གྱི་གཏན་འཁེལ་གཉིས་གཞི་གཅིག་ཅན་དུ་བསྒྱུར་ཏེ། རྒྱུགས་སྤྲོད་སློབ་མས་དྲ་ལམ་ཐོ་འགོད་ཀྱི་སྐབས་སུ་མི་སྒེར་གྱི་ཆ་འཕྲིན་དང་རྒྱུགས་སྤྲོད་རེ་འདུན་ཁ་སྐོང་བྱས་རྗེས། རྒྱུགས་སྤྲོད་ཀྱི་བླང་བྱ་ལྟར་ཞིབ་བཤེར་རྒྱུ་ཆའང་ཆབས་ཅིག་ཏུ་གོང་སྤྲོད་བྱས་ཆོག
ཐོ་འགོད་འདྲ་པར་འཚོལ་བསྡུ་བྱེད་ཐབས་ལེགས་བསྒྱུར་གྱི་ཐད་ནས། 2027ལོ་ནས་བཟུང་། འཚོལ་བསྡུའི་དུས་ཚོད་སྔོན་ཆད་ཀྱི་དྲ་ལམ་གཏན་འཁེལ་དུས་རིམ་ལས་སྔ་སྣུར་བྱས་ཏེ། དྲ་ལམ་ཐོ་འགོད་ཀྱི་གཞི་རྩའི་ཆ་འཕྲིན་ཐོ་འགོད་དུས་རིམ་ཡིན། རྒྱུགས་སྤྲོད་སློབ་མས་སྔོན་ལ་ཐོ་འགོད་འདྲ་པར་གྲ་སྒྲིག་བྱེད་མི་དགོས་པར། ཐད་ཀར་མཐོ་རིམ་སློབ་གསོའི་སློབ་མའི་ཆ་འཕྲིན་དྲ་བའིAppམཉེན་ཆས་བརྒྱུད་དེ་དྲ་ལམ་ནས་པར་བརྒྱབ་སྟེ་སྤྲད་ཆོག་པ་དང་། མ་ལག་གིས་དུས་ཐོག་ཏུ་འོད་ཀྱི་གསལ་ཚད་དང་ཟུར་ཚད་སོགས་ཀྱི་པར་ལེན་ཆ་རྐྱེན་གསལ་འདེབས་བྱས་ཏེ། འདྲ་པར་ཆ་རྐྱེན་དང་འཚམ་པར་ཁག་ཐེག་བྱེད་ངེས།
དེ་ལས་གཞན་ད་དུང་། ཐོ་འགོད་འདྲ་པར་དེ་རྒྱུགས་སྤྲོད་དཔང་ཡིག་སྟེང་འཇོག་དགོས། རྒྱུགས་སྤྲོད་དཔང་ཡིག་སྟེང་གི་འདྲ་པར་གསལ་ཚད་ལ་ཁག་ཐེག་བྱ་ཆེད། ད་ལོའི་ཐོ་འགོད་འདྲ་པར་གྱི་རྒྱབ་ལྗོངས་གཅིག་གྱུར་གྱིས་མདོག་དཀར་པོའི་བླང་བྱ་བཏོན་ཡོད་ལ། རྒྱུགས་སྤྲོད་སློབ་མས་པར་ལེན་པའི་སྐབས་སུ་མདོག་དཀར་པོ་རྒྱབ་ལྗོངས་སུ་བྱེད་དགོས། དེ་དང་མཉམ་དུ། ཞབས་ཞུ་ལེགས་སྒྱུར་བྱ་ཆེད། མ་ལག་སྟེང་འདྲ་པར་གྱི་རྒྱབ་ལྗོངས་ཁ་དོག་བརྗེ་བསྒྱུར་བྱེད་པ་སོགས་ཀྱི་བྱེད་ནུས་འདོན་སྤྲོད་བྱས་ཡོད། །