རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་ཚེས30ཉིན་གྱི་སྔ་དྲོར2026ལོའི་ཀྲུང་གོའི་འཕེལ་རྒྱས་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། མ་ལག་ལྡན་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་གསར་པ་ལེགས་སྒྲིག་བྱས་པ་དང་། ཀྲུང་གོས་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕུལ་བའི་བྱས་རྗེས་ངོ་སྤྲོད་བྱས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀའོ་ཅཱ་ཁོན་གྱིས་ཚེས30ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་སྟེང་གི་འཕེལ་རྒྱས་དེ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གནས་ཚད་མ་ལག་ཏུ་བཅུག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་རྒྱལ་ཁབ་སོ་སོ་དེང་རབས་ཅན་དུ་བསྐྱོད་པར་སྐུལ་ཁྲིད་བྱེད་ངེས་ཡིན་ཞེས་བསྟན།
ཀའོ་ཅཱ་ཁོན་གྱིས་བཤད་རྒྱུར། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་འཚར་ལོངས་རང་བཞིན་གྱི་གོ་སྐབས་བསྩལ་ཡོད་དེ། གོ་ལ་ཧྲིལ་བོའི་གསར་གཏོད་ཁྱུ་ཚོགས་བརྒྱའི་ཁྲོད་ཀྱི25ཀྲུང་གོ་རུ་ཡོད་པ་དང་། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་སྔར་ལས་མང་པོས་ཚན་རྩལ་ཐོན་རྫས་བེད་སྤྱོད་བྱེད་ཐུབ་པར་བྱས་ནས་རྒྱལ་ཁབ་སོ་སོས་མཉམ་སྤྱོད་བྱེད་པའི་གཞི་གྲངས་སྟེགས་བུ་བཙུགས་ཡོད། ཀྲུང་གོའི་གློག་འདོན་སྒྲིག་བཀོད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཀྲུང་གོའི་ལྗང་མདོག་ཚུལ་སྒྱུར་གྱིས་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་རོགས་འདེགས་ཆེན་པོ་བྱེད་བཞིན་ཡོད་ལ། ནུས་ཁུངས་ཉམས་ཉེན་སེལ་བར་བྱེད་ནུས་ཆེན་པོ་འདོན་བཞིན་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། ཞབས་ཞུ་ཉོ་ཚོང་ཚོགས་འདུ་དང་གྲངས་འཛིན་ཚོང་དོན་འགྲེམས་ཚོགས། ནང་འདྲེན་འགྲེམས་ཚོགས་སོགས་སྤེལ་ནས་རྒྱལ་ཁབ་སོ་སོར་ཁྲོམ་རའི་བར་སྟོང་ཆེན་པོ་དང་དངུལ་གཏོང་གི་གོ་སྐབས་ཆེན་པོ་འདོན་སྤྲོད་བྱས་ཡོད་ཟེར།
ཀའོ་ཅཱ་ཁོན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་སྟེང་གི་འཕེལ་རྒྱས་དེ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གནས་ཚད་མ་ལག་ཏུ་བཅུག་སྟེ་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སོ་སོ་དེང་རབས་ཅན་དུ་བསྐྱོད་པར་སྐུལ་ཁྲིད་བྱེད་བཞིན་ཡོད་ཅེས་བསྟན།