ཟླ9པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་དུས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུས་ཆེན་སྐབས་ཀྱི་ཁྲོམ་རའི་འདོན་སྤྲོད་འགན་སྲུང་བྱ་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་སྤྲོ་དགའ་དང་འཆམ་མཐུན་ངང་དུས་ཆེན་རོལ་བར་ཁག་ཐེག་བྱེད་ཆེད། ཞིང་ཆེན་ཚོང་དོན་ཐིང་གིས་སྔ་མོ་ནས་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས། དངོས་འབེབས་ནན་མོ་བཅས་བྱས་པ་དང་། ཚོང་རྫས་འདོན་སྤྲོད་དང་ལྟ་ཞིབ་ཚད་ལེན་སྔོན་བརྡ། འཕྲལ་བསྟུན་གསོག་འཇོག་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ནས། བྱེད་ཐབས་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་ཆེན་སྐབས་ཀྱི་ཁྲོམ་རའི་འདོན་སྤྲོད་འདང་ངེས་ཡོད་པ་དང་འཁོར་རྒྱུག་གོ་རིམ་ལྡན་པར་འགན་ལེན་བྱས།
དུས་ཆེན་གཉིས་ཐོན་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཚོང་དོན་ཐིང་གིས་དུས་ཆེན་གྱི་ཁྲོམ་རའི་འདོན་སྤྲོད་འགན་སྲུང་བྱ་བ་སྔ་མོ་ནས་ཆེད་དམིགས་ཀྱིས་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཚོང་དོན་སྡེ་ཁག་གིས་ཞིང་ཚོང་ཁྲོམ་ར་གཙོ་བོ་དང་ཚོང་ར་ཆེན་མོ། སིལ་འཚོང་དྲ་ཚིགས་བཅས་ཀྱི་འཚོ་བའི་མཁོ་ཆས་འདོན་སྤྲོད་གནས་ཚུལ་ལ་གྲལ་བཤེར་གསལ་བོ་བྱེད་པར་མཛུབ་སྟོན་བྱས། འདོན་སྤྲོད་འགན་སྲུང་ཁེ་ལས་གཙོ་བོས་ཚོང་རྫས་ལེན་པའི་ཐབས་ལམ་རྒྱ་བསྐྱེད་པ་དང་། དུས་ཆེན་སྐབས་ཚོང་རྫས་སྔར་ལས་མང་པོ་གྲ་སྒྲིག་བྱེད་པ། ཚོང་རྫས་གྲབས་གསོག་ཚད་སྔར་ལས་ཇེ་མང་དུ་གཏོང་བ། དུས་ལྟར་ཚོང་རྫས་ཁ་སྣོན་བྱེད་པ་བཅས་ལ་ཁྲིད་སྟོན་གྱིས་སྡོད་དམངས་ཀྱི་དུས་ཆེན་སྐབས་ཀྱི་འཛད་སྤྱོད་དགོས་མཁོར་ནུས་པ་ཡོད་རྒུས་འགན་ལེན་བྱས།
འཚོ་བའི་མཁོ་ཆས་འདོན་སྤྲོད་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས་ཟླ9པའི་ཚེས24ཉིན་ནས་ཚེས27ཉིན་བར་དང་། ཟླ9པའི་ཚེས30ཉིན་ནས་ཟླ10པའི་ཚེས7ཉིན་བར་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་འདོན་སྤྲོད་འགན་སྲུང་ཉིན་མོའི་ལྟ་ཞིབ་ཚད་ལེན་བྱ་བ་སྤེལ་རྒྱུ་རེད། གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཚོང་རའི་སྡེབ་འཚོང་ཁྲོམ་ར་ཆེན་མོ་བཞི་དང་། ཤ་རིགས་འདོན་སྤྲོད་འགན་སྲུང་བྱེད་པའི་ཁེ་ལས་དྲུག་གི་འབྲས་དང་ཕྱེ། སྣུམ། ཤ། སྔོ་ཚལ། སྒོ་ང། སིལ་ཏོག་སོགས་དམངས་འཚོའི་ཚོང་རྫས་འདོན་སྤྲོད་ཕྱིར་འཚོང་དང་གསོག་འཇོག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ཁྲོམ་རའི་འདོན་སྤྲོད་དང་དགོས་མཁོའི་འགྱུར་ལྡོག་ལ་རྗེས་འདེད་དབྱེ་ཞིབ་བྱེད་པ་དང་། རྒྱུན་ལྡན་མིན་པའི་གནས་ཚུལ་སྐོར་དུས་ལྟར་སྔོན་བརྡ་གཏོང་རྒྱུ་རེད།
དེ་དང་མཉམ་དུ། ཚོང་དོན་ཁྱབ་ཁོངས་ཀྱི་འཕྲལ་བསྟུན་འདོན་སྤྲོད་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཀྲུང་དབྱང་གི་ནོར་ཤ་དང་ལུག་ཤ་འཁྱགས་པ་གསོག་འཇོག་བྱས་པ་དང་། ཁེ་ལས་ཀྱིས་ཤོར་ཤ་འཁྱགས་པ་འཇོག་ས་གྲ་སྒྲིག་བྱེད་པར་མཛུབ་སྟོན་བྱས་ཏེ། ཁྲོམ་རའི་ཤ་རིགས་འདོན་སྤྲོད་ཚད་ཇེ་མང་དུ་བཏང་། ཞིང་ཆེན་རིམ་པའི་ཕག་ཤ་འཁྱགས་པའི་གསོག་ཉར་བྱ་བ་ཡོངས་སུ་འགྲུབ་པར་མ་ཟད། ཉེ་དུས་སུ་ཞིང་ཆེན་རིམ་པའི་ནོར་ཤ་དང་ལུག་ཤ་འཁྱགས་པ་གསོག་ཉར་གྱི་སྐོར་ལ་ཞིབ་བཤེར་བྱེད་རྩིས་ཡོད། གྲོང་ཁྱེར་དང་ཁུལ་སོ་སོས་ས་གནས་ཀྱི་ཤ་རིགས་གསོག་ཉར་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདོམས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་རིན་གོང་འཚམ་པའི་སྔོ་ཚལ་འདོན་སྤྲོད་དང་། ཞིང་ཆེན་ཡོངས་ཀྱི་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་འདོན་སྤྲོད་བརྟན་པོ་ཡོང་བར་ཁྲིད་སྟོན་བྱས། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། ཟི་ལིང་གྲོང་ཁྱེར་གྱིས་འདོན་སྤྲོད་ས་ཚིགས་བརྒྱ་དང་བཞི་བཅུ་རུ་སྔོ་ཚལ་ཏུན་བཞི་བརྒྱ་གསོག་ཉར་བྱས་ཡོད་ལ། རིན་གོང་འཚམ་པའི་སྔོ་ཚལ་རིགས་བདུན་འདོན་སྤྲོད་ཀྱི་བྱ་བ་སྤེལ་ནས། དུས་ཆེན་སྐབས་ཀྱི་ཚོང་རྫང་འདོན་སྤྲོད་ཇེ་མང་དུ་གཏོང་བ་དང་། ཁྲོམ་རའི་འདོན་སྤྲོད་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།