ཟླ9ཚེས23ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི"བརྩེ་བའི་ལག་རྡང་སྦྲེལ། མཐུན་སྒྲིལ་མཉམ་དུ་གླེང"ཞེས་པའི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་རོགས་རམ་བྱེད་པའི་འགུལ་སྐྱོད་ཀྱི་སྤྱི་སྡོམ་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་འཚོགས། ཚོགས་འདུའི་སྟེང་བྱ་བའི་སྙན་ཞུ་དང་གྲུབ་འབྲས་འགྲེམས་སྟོན། སློབ་སྦྱོང་གི་ཕན་འབྲས་ཡུལ་དངོས་སུ་སྟོན་པ། སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་། ཉམས་མྱོང་ལག་ལེན་གོ་རིམ་ལྡན་པར་གསེད་བཀྲོལ་བྱས་ཏེ། ཕུགས་རྒྱང་རིང་པོ་དམིགས་འབེན་དུ་འཛིན་པ་དང་། རྒྱུན་རྣམ་ཅན་གྱི་སྐུལ་འདེད་གཏིང་ཟབ་ཏུ་བཏང་ནས་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས།
ཚོགས་འདུའི་སྐབས་སུ། སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གྱི་ཕན་པ་ཐོབ་མཁན་རོང་འབྲོག་མང་ཚོགས་དང་། ཆོས་ལུགས་མི་སྣ། ལས་གཏོད་ན་གཞོན་སོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱད་དེ་གཏམ་རྒྱུད་བཤད་པ་དང་། གནས་ཚུལ་འཁྲབ་སྟོན། ཕ་བུ་མཉམ་ཀློག ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་པས། མི་རིགས་མཐུན་སྒྲིལ་དང་ཁྱིམ་མཚེས་ཕན་ཚུན་རོགས་རམ། མི་རིགས་སོ་སོའི་དབར་འགྲོ་འོང་སྤེལ་རེས་འབྲེལ་འདྲིས་ཟབ་མོ་བྱུང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཐད་ཀྱི་མྱོང་ཚོར་དང་ངོས་འཛིན་བརྗེ་རེས་བྱས།
ཐེངས་འདིའི་བྱེད་སྒོར"སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བྱེད་མཁན་བྱིས་པ་ཆུང་ཆུང"དང་། སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བྱེད་མཁན་དང་བླངས་པ་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་། ཁྱིམ་དུ་སོང་ནས་སློབ་ཁྲིད་དང་གཅིག་སྡུད་སློབ་ཁྲིད། ཕ་བུ་མཉམ་སློབ། ཞབས་ཞུ་མཁོ་སྤྲོད། དངོས་ཡོད་སྦྱོང་བརྡར་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པ་དེ་མང་ཚོགས་ཀྱི་ཉིན་རེའི་ཐོན་སྐྱེད་འཚོ་བའི་ནང་འདྲེས་པར་བྱས་ཤིང་། ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་མཉམ་འབྲེལ་མ་ལག་བཙུགས་པ་དང་། བརྩེ་བའི་ལག་རྡང་སྦྲེལ། སློབ་མས་ཁྱིམ་ཚང་ནས་ཁྲིད་པ། ཁྱིམ་ཚང་གིས་སྡེ་བ་ནས་ཁྲིད་པའི་སྦྲེལ་ཐག་ལྟ་བུའི་ཁྱབ་འགྱེད་ལམ་ལུགས་གསར་གཏོད་བྱས་ཏེ་སྐུལ་འདེད་བཏང་བ་དང་། གཞོན་ནུ་ལོ་ཆུང་གིས་སྣེ་ཁྲིད་དང་། ཁྱིམ་ཚང་འབྲེལ་མཐུད་ཡོང་བ། གྲོང་སྡེར་ཡོངས་སུ་ཁྱབ་པ། དམངས་ཡོངས་ཞུགས་པ་བཅས་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལག་ལེན་བྱེད་སྟངས་བསྐྲུན་ཡོད་ཅིང་། དེས་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བྱ་བའི་བསམ་བློ་གཙོ་བོ་དང་རྩ་འཛུགས་འགོ་ཁྲིད། ལག་བསྟར་བྱེད་མཁན། རྒྱུ་རྐྱེན་འགན་སྲུང་། འབྲས་བུ་ཀུན་ཕན་བཅས་ཁག་ཐེག་ལྔ་མངོན་འགྱུར་བྱུང་ནས། མཚོ་སྔོན་རོང་འབྲོག་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་བསྐྱར་བཟོ་ཐུབ་པ་དང་ཁྱབ་གདལ་ཐུབ་པའི་ལག་ལེན་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།