2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་སྤྱོད་བཟང་ཁྲིམས་སྲུང་དང་ཟས་རིགས་བདེ་འཇགས་མཉམ་སྤྱོད་ཀྱིས་སྦྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་གཏིང་ཟབ་ཏུ་གཏོང་བ་ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་རྩོམ་མཛད་སྒོ་སྤེལ། དེ་ནི་ཟས་རིགས་བདེ་འཇགས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་གཏིང་ཟབ་ཏུ་གཏོང་བ་དང་། ཟས་རིགས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་འགན་འཁྲི་གཙོ་བོ་ནན་དཀྲི་བྱེད་པ། ཟས་རིགས་བདེ་འཇགས་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་དང་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་རྣམ་པ་གསར་པ་བསྐྲུན་ཆེད་ཡིན།

མཛད་སྒོའི་སྟེང་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མཉམ་དུ་ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་བརྙན་ཐུང་ལ་བལྟས་པ་དང་། འབྱུང་ཁུངས་ལ་སྔོན་འགོག་ནན་མོ་བྱེད་པ་དང་བརྒྱུད་རིམ་ལ་དོ་དམ་ནན་མོ་བྱེད་པ། ཉེན་ཁ་ལ་ཚོད་འཛིན་ནན་མོ་བྱེད་པ། ཁྲིམས་བསྟར་གྱོད་སྒྲུབ་སོགས་ཟས་རིགས་བདེ་འཇགས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་དང་ཞིང་ཕྱུགས་ཐོན་རྫས། ནང་འདྲེན་ཕྱིར་ཚོང་ཟས་རིགས་བཅས་ཀྱི་ཞིབ་བཤེར་ཚད་ལེན་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྤུས་ཞན་ཤ་རྫུན་ཕྱིར་འཚོང་བྱེད་པར་རྡུང་རྡེག་ཚ་ནན་བཏང་བའི་བྱ་བའི་གྲུབ་འབྲས་ཀྱང་གསལ་བསྒྲགས་བྱས། 《མཚོ་སྔོན་ཞིང་ཆེན་གྱིས་ཟས་རིགས་བདེ་འཇགས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་ཟབ་སྤེལ་གྱི་བྱེད་ཐབས་ཁག་ཅིག》ཅེས་པ་འགྲེལ་བཤད་བྱས་ཏེ། དམིགས་འབེན་ལས་འགན་ཁ་གསལ་བཟོས་པ་དང་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། ཟས་རིགས་བདེ་འཇགས་ཀྱི་གཞོན་ནུའི་འཕྲལ་རྒོལ་རུ་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། ཟས་རིགས་ནང་འདྲེན་དང་ཕྱིར་ཚོང་བྱེད་པའི་ཁེ་ལས་དག་གིས་ཟས་རིགས་བདེ་འཇགས་ལ་ཁས་ལེན་དམ་བཅའ་བཞག་ཅིང་། ཟས་རིགས་བདེ་འཇགས་ཀྱི་ལྟ་རྟོག་པ་ཕུལ་བྱུང་ཅན་ལ་གཟེངས་བསྟོད་བྱ་དགའ་སྤྲད་པ་དང་། ཏང་ཡོན་དཔེ་སྟོན་ཚོང་ཁང་ཞེས་པར་སྒོ་བྱང་བཀལ། 2025ལོའི་ཟས་རིགས་བདེ་འཇགས་མཚོ་སྔོན་གྱི་གཞི་རིམ་དུ་བསྐྱོད་པའི་བྱ་བའི་གྲུབ་འབྲས་འགྲེམས་སྟོན་བྱས་པར་མ་ཟད། 2026ལོའི་ཟས་རིགས་བདེ་འཇགས་མཚོ་སྔོན་གྱི་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་གྱི་འགོ་བརྩམས་ཏེ། ཟས་རིགས་བདེ་འཇགས་དྲིལ་སྒྲོག་གི་བྱ་བ་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་དང་ཉེ་བར་བཅར་ནས་རིགས་སོ་སོའི་མི་དམངས་ཀྱི་ཟས་རིགས་བདེ་འཇགས་འདུ་ཤེས་དང་རང་སྲུང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།

དྲིལ་བསྒྲགས་གཟའ་འཁོར་གྱི་སྐབས། ད་ལོའི་ཟས་རིགས་བདེ་འཇགས་ཀྱི་གཙོ་གནད་བྱ་བར་གཞི་བཙུགས་ཏེ། ས་གནས་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་དོ་སྣང་། མང་ཚོགས་ཀྱི་སེམས་ཁུར་བཅས་ཀྱི་ཟས་རིགས་བདེ་འཇགས་ཁྱབ་ཁོངས་དང་ཟུང་འབྲེལ་བྱེད་པ་དང་། “རྒན་པ་དང་བྱིས་པའི”དམངས་འཚོའི་གནད་དོན་འབུར་ཐོན་ལ་གཞིགས་ནས། ཟས་རིགས་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྡེ་ཁུལ་དང་གྲོང་གསེབ། སློབ་གྲྭ ཁེ་ལས། ཚོང་ར་བཅས་སུ་སྐྱོད་པ་དང་། ཚོད་ལྟ་ཁང་གི་སྒོ་འབྱེད་ཉིན་མོ། ཟས་རིགས་ཆུད་ཟོས་ལ་བཀག་འགོག་བྱེད་པ་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ། ཐབས་མང་མཉམ་སྤྱོད་ཀྱིས་དྲིལ་བསྒྲགས་ཀྱི་ནང་དོན་དང་ཐབས་ལམ་རྒྱ་བསྐྱེད་བྱས། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་ཁག14དང་། དྲིལ་བསྒྲགས་བྱེད་སྒོ་ཁག24བཀོད་སྒྲིག་བྱས་ནས། བཟའ་བཏུང་ལས་རིགས་ཀྱི་ལས་སྒྲུབ་མི་སྣ་ལ་ཡིད་རྟོན་ཁྲིམས་སྲུང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱས་པ་དང་། ཟས་རིགས་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་ནུས་པ་ཆེར་བསྐྱེད་བྱས་ཏེ། མི་ཀུན་གྱིས་དོ་ཁུར་དང་མི་ཀུན་གྱིས་མཉམ་སྤྱོད། མི་ཀུན་མཉམ་ཞུགས་བྱེད་པ་བཅས་ཀྱི་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་བསྐྲུན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།