ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པའི་སྟེང་ཀྲུང་གོའི་ཆུ་རྐྱལ་རུ་ཁག་གིས་འགྲན་ཞུགས་ཀྱི་གྲུབ་འབྲས་བཟང་པོ་བླངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པ་མུ་མཐུད་དུ་སྤེལ་བཞིན་ཡོད།  ཀོ་གྲུ་འཁྱིལ་ཆུའི་འགྲན་རར་ཀྲུང་གོའི་རུ་ཁག་ལ་བུད་མེད་མི་བཞིའི་ཀོ་གྲུ་སྨི་ལྔ་བརྒྱ་དང་།  བུད་མེད་མི་གཉིས་ཀྱི་འགྲོན་གྲུ་སྨི་ལྔ་བརྒྱ།  སྐྱེས་པ་མི་གཅིག་གི་འགྲོན་གྲུ་སྨི་ལྔ་བརྒྱ་བཅས་ཀྱི་གསེར་གྱི་རྟགས་མ་གསུམ་ཐོབ།

ཆུ་རྐྱལ་འགྲན་བསྡུར་མཇུག་སྒྲིལ་བའི་ཉིན་མོར། ཀྲུང་གོའི་རུ་ཁག་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཉིན་གཅིག་ལ་གསེར་གྱི་རྟགས་མ་ལྔ་ཐོབ།

མདའ་འཕེན་འགྲན་རར་ཀྲུང་གོའི་རུ་ཁག་ལ་སྐྱེས་པའི་རིང་ཚད་སྨི་ལྔ་བཅུ་ཡོད་པའི་ཚོགས་པའི་གསེར་གྱི་རྟགས་མ་ཐོབ་པ་མ་ཟད་རྣམ་གྲངས་དེའི་མི་སྒེར་གྱི་གསེར་དང་དངུལ་གྱི་རྟགས་མ་ཡོངས་སུ་བླངས་ཡོད།

རི་ཁུལ་ལྕགས་རྟའི་སྐྱེས་པའི་ལྗོངས་ཕྱིའི་འགྲན་བསྡུར་དུ་ཡོན་ཅིན་ཝེ་ལ་གསེར་གྱི་རྟགས་མ་ཐོབ།

རྟ་རྩལ་དང་གཟབ་མཆོར་སྤྲས་པའི་ཞབས་བྲོ་ཚོགས་པའི་རྟིང་རྩོད་འགྲན་བསྡུར་དུ་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཐོབ།

ལྗིད་འདེགས་འགྲན་ར་རུ་དབྱང་ལིའུ་ཡའེ་ལ་བུད་མེད་ཀྱི་སྤྱི་རྒྱ་རེ་གཅིག་ཅན་གྱི་གསེར་གྱི་རྟགས་མ་ཐོབ།

ལུས་རྩེད་འགྲན་ར་རུ་ལན་ཞིན་ཡུས་ལ་སྐྱེས་པའི་དཔྱང་ལུང་གསེར་གྱི་རྟགས་མ་ཐོབ། ཆིའུ་ཆི་ཡོན་ལ་བུད་མེད་ཀྱི་མཐོ་གདང་དང་དམའ་གདང་གི་གསེར་གྱི་རྟགས་མ་ཐོབ།  ཙོའུ་ཅིན་ཡོན་ལ་སྐྱེས་པའི་གདང་གཉིས་ཀྱི་གསེར་གྱི་རྟགས་མ་ཐོབ།

མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ར་རུ་ཀྲུང་གོའི་འགྲན་ཞུགས་པས་སྐྱེས་པའི་ལྕགས་གོར་གྱི་ཨང་དང་པོ་དང་གཉིས་པ་བླངས།

མདང་དགོང་སྤེལ་བའི་ཕིང་ཕང་སྤོ་ལོའི་བུད་མེད་ཚོགས་པའི་རྟིང་རྩོད་འགྲན་བསྡུར་ཁྲོད།  ཀྲུང་གོའི་རུ་ཁག་3བསྡུར་0གི་བསྡུར་སྐར་གྱིས་འཇར་པན་རུ་ཁག་ལས་རྣམ་པར་རྒྱལ་བ་དང་།  བསྟུད་མར་ཐེངས་དྲུག་ལ་མ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཚོགས་པའི་ཨང་དང་པོ་བླངས།  བུད་མེད་ཀྱི་ཆུ་ལྒང་རེས་འཁོར་འགྲན་བསྡུར་གྱི་མཐའ་མའི་འགྲན་རར་ཀྲུང་གོའི་རུ་ཁག་19བསྡུར་18་ཀྱི་བསྡུར་སྐར་གྱིས་འཇར་པན་རུ་ཁག་ལས་རྒྱལ་ཏེ།  རྣམ་གྲངས་དེའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐེངས་ལྔ་ལེན་རྒྱུ་མངོན་གྱུར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།