མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས24ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། གསར་དུ་བཟོ་བཅོས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། བྱེད་ཐབས་དེ2003ལོར་བཏོན་པའི་ཚུན་ལ་ཕྱོགས་ཡོངས་ནས་བཟོ་བཅོས་བྱེད་ཐབས་དང་པོ་ཡིན་ཞིང་། 2026ལོའི་ཟླ7པའི་ཚེས31ཉིན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་སྟེང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་བརྒྱུད། 2026ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་ཏུ་བསྟར་རྒྱུ་རེད།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བྱེད་ཐབས་ཀྱི་བཟོ་བཅོས་རྒྱབ་ལྗོངས་དང་། བཟོ་བཅོས་བརྒྱུད་རིམ། དོན་སྙིང་གལ་ཆེན། ནང་དོན་གཙོ་བོ། ལག་བསྟར་དངོས་འབེབས་བསམ་འཆར་བཅས་སྒྲོག་སྤེལ་བྱས། བཟོ་བཅོས་བྱས་རྗེས་ཀྱི་བྱེད་ཐབས་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་ང་གཉིས་ཡོད་ལ། མཚོ་སྔོན་གྱི་དངོས་ཡོད་ལ་རྐང་བཙུགས་པ་དང་། བཟོ་ཚོགས་རྩ་འཛུགས་སྒྲིག་འཛུགས་དང་ཁེ་དབང་སྲུང་སྐྱོབ། ཞབས་ཞུ། དཔལ་འབྱོར་འགྲོ་གྲོན་འགན་སྲུང་སོགས་ལ་དམིགས་ནས། དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་གཏན་འབེབས་སྐོར་ཞིག་བཏོན།

བྱེད་ཐབས་ལས་བཟོ་ཚོགས་ཀྱི་བྱེད་སྒོའི་ཞུགས་མཐུས་གཏན་འཁེལ་བྱས་ཏེ། བཟོ་ཚོགས་ཀྱི་འགན་ནུས་དང་ལས་འགན་འཐུས་ཚང་དུ་བཏང་བ་དང་། རྩ་འཛུགས་ཀྱི་ཁེབས་ཚད་སྔར་ལས་ཆེ་རུ་བཏང་ཞིང་། ཕྱིར་འཐེན་ལས་རིམ་ཚད་ལྡན་དུ་བཟོས་པ་དང་། བཟོ་ཚོགས་ཐོབ་ཐང་གི་འགུལ་རྣམ་དོ་དམ་ལམ་ལུགས་བཙུགས། ལས་བཟོ་པའི་སྣ་མང་ཅན་དང་རྒྱུན་རྣམ་ཅན་གྱི་ཞབས་ཞུའི་དགོས་མཁོར་དམིགས་ནས། ནུས་ཤུགས་ཡོད་རྒུས་གནད་འཁེལ་ཅན་དང་རྒྱུན་རྣམ་ཅན་གྱི་ལས་བཟོ་པའི་ཞབས་ཞུའི་མ་ལག་བཙུགས་ཏེ། ལས་བཟོ་པའི་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་ཆེ་རུ་བཏང་། ངལ་ལས་འགལ་བ་མང་པོ་བྱུང་བ་དང་ལས་བཟོ་པའི་ཁེ་དབང་སྲུང་སྐྱོབ་ཀྱི་བརྒྱུད་ལམ་ཤར་གཏོང་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། བྱེད་ཐབས་ཀྱིས་འདྲ་མཉམ་གྲོས་མོལ་དང་ཐུན་མོང་གན་རྒྱའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ལྟ་སྐུལ་དབང་སྲུང་ཞབས་ཞུའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། དབང་སྲུང་མཐུན་སྦྱོར་རྐྱེན་སྲོལ་བཙུགས་པ་དང་། ཕྱོགས་ཡོངས་ཀྱི་རེ་འདུན་ཐག་གཅོད་བརྒྱུད་ལམ་བསྐྲུན་ནས། ལས་ཞུགས་ཚོགས་པ་གསར་བའི་ཁེ་དབང་འགན་སྲུང་གི་ཞན་ཆ་ཁ་གསབ་བྱས།

བྱེད་ཐབས་ལས་བཟོ་ཚོགས་ཀྱི་དཔལ་འབྱོར་འགྲོ་གྲོན་དོ་དམ་ལམ་ལུགས་སྔར་ལས་ཚད་ལྡན་དུ་བཏང་བ་དང་། བཟོ་ཚོགས་བཙུགས་ཡོད་པའི་མི་བཀོལ་ལས་ཁུངས་ཀྱིས་ཟླ་རེར་བཟོ་ཚོགས་ཀྱི་འགྲོ་གྲོན་ངེས་ཅན་སྤྲོད་པ་གཏན་འཁེལ་བྱས་ལ། བཟོ་ཚོགས་འཛུགས་དགོས་རུང་བཙུགས་མེད་པའི་ལས་ཁུངས་ཀྱི་ཁྲིམས་ལྟར་གྲ་སྒྲིག་མ་དངུལ་བསྡུ་རུབ་བྱས་ཏེ། འགན་སྒྲུབ་ཀྱི་འགན་སྲུང་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། དེ་དང་མཉམ་དུ་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། འགྲོ་གྲོན་བསྡུ་སྤྲོད་དང་བཀོལ་སྤྱོད། ལྟ་སྐུལ་དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་གདུབ་སུམ་དོ་དམ་ཚོད་འཛིན་མངོན་འགྱུར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།