ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ9ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྨང་གཞིའི་ཞིབ་འཇུག་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་བཅོས་སྒྱུར་བྱེད་ཐབས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ། རྒྱལ་ཁོངས་བར་སྟོང་འཆར་འགོད། སློབ་གཞི་འཛུགས་སྐྲུན། ནགས་རྩྭ་སོན་རྒྱུ་ཐོན་ཁུངས་སྲུང་སྐྱོབ་སོགས་ཀྱི་བྱ་བར་བཀོད་སྒྲིག་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་དོ་དམ་དང་མེ་ཟོན་བྱ་གཞག ནུས་ཁུངས། འོད་དྲོད་འཕེལ་རྒྱས་གཏོང་བ་བཅས་་སྐོར་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་ཟླ9ཚེས21ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དགུ་པ་སླེབས་ལ་ཉེ་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་དང་ཧྥུའུ་ཅན་ཞིང་ཆེན་གྱི"ཀྲང་ཀྲོའུ110"གི་རུ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་རྩ་བར་འཛིན་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་་དགོས། ཞིང་གསུམ་བྱ་བ་ཡག་པོ་སྒྲུབ་པ་དང་། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་ཡོང་རྒྱུར་ཕན་པའི་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ། བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་ལེགས་པོ་བྱེད་པ། ས་བབ་དང་བསྟུན་ནས་མཐོ་སྒང་དུ་བདེ་སྡོད་ལས་བརྩོན་བྱེད་པར་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། "ཀྲང་ཀྲོའུ110"གིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་སྟངས་དང་དམངས་སེམས་བདེ་འགོད་སོགས་ཐད་ཀྱི་ཉམས་མྱོང་བྱེད་ཐབས་ལ་སློབ་སྦྱོང་ནན་ཏན་དང་མིག་དཔེ་བལྟས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་དམིགས་ནས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གསར་དར་ཐོན་ལས་གཞི་ཁྱོན་ཆེ་རུ་གཏོང་བ་དང་བེད་སྤྱོད་བྱེད་པ། སྲོལ་རྒྱུན་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། མ་འོངས་པའི་ཐོན་ལས་སྒྲོམ་གཞི་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་སྲོག་ཤིང་དུ་གྱུར་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་བསྐྲུན་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཉེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟར་དོན། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཟབ་ནན་དུ་བཏང་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་རྩད་ཞིབ་དག་ཐེར་གཏིང་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རྩིས་ནུས་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལྗང་གློག་ཐད་སྦྲེལ་དང་འབྱུང་ཁུངས་དྲ་མཛོད་སོགས་རྣམ་གྲངས་དོན་འཁྱོལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། རྩིས་གློག་མཐུན་སྦྱོར་དང་དྲ་རྒྱ་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ཆུ་མཛོད་རྙིང་པའི་བསྒྱུར་བཅོས་རིམ་སྤོར་ལ་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ཆུ་མཛོད་ཀྱི་བདེ་འཇགས་འགོག་སྲུང་བརྟན་པོ་བསྐྲུན་དགོས། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། གསར་སྐྲུན་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱས་ཏེ་མགྱོགས་མྱུར་ངང་སློབ་གསོའི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས། སྣ་མང་ཀུན་ཕན་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་པ་དང་དམངས་འཚོ་ལེགས་བཅོས་དང་ནང་མཁོ་རྒྱ་སྐྱེད་ཕན་ཚུན་སྐུལ་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་ལུས་རྩལ་འགྲན་བསྡུར་མཁོ་སྤྲོད་ཇེ་མང་དུ་བཏང་ནས། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རིམ་གཙོ་གནད་དུ་བཟུང་སྟེ་སྨན་བཅོས་བདེ་ཐང་སླར་གསོ་ཞབས་ཞུའི་མ་ལག་སྟོབས་ཆེར་བསྐྲུན་ནས་སླར་གསོ་བདག་སྐྱོང་གི་ཐོན་ཁུངས་སྡེ་ཁུལ་དང་ཁྱིམ་ཚང་དུ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་འཕྲལ་བསྟུན་རོགས་སྐྱོབ་སོགས་ཀྱི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བདེ་འཇགས་བརྟན་ལྷིང་གི་ཁོར་ཡུག་བསྐྲུན་དགོས། མགྱོགས་མྱུར་ངང་དག་གཙང་ཐཱན་ཉུང་དང་བདེ་འཇགས་ཕན་ནུས་ཆེ་བའི་རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱས་ནས། འོད་དྲོད་ལག་རྩལ་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བ་དང་། བྱེ་ཐང་ཅན་དུ་འགྱུར་བ་བཅོས་སྐྱོང་དང་རླུང་གློག་འོད་གློག་གཅིག་སྡུད་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་པར་འབད་བརྩོན་བྱེད་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་བེད་སྤྱོད་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱད་ཆོས་ལྡན་ཞིང་སྤུས་ཚད་ལེགས་པའི་སློབ་གཞིའི་མ་ལག་གཏོད་དགོས། རྒྱལ་ཁབ་ནགས་རྩྭ་སོན་རྒྱུའི་ཐོན་ཁུངས་སྒྲིག་ཆས་ཉར་ཚགས་མཛོད་མཚོ་སྔོན་ཡན་ལག་མཛོད་བཙུགས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ས་བོན་ལས་རིགས་དར་རྒྱས་གཏོང་རྒྱུར་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དང་དཔལ་འབྱོར་འཁོར་སྐྱོད། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས། ལས་རེས་ལྟ་སྲུང་བཅས་ཀྱི་བྱ་བར་སྤྱི་འདོམས་ལེགས་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བདེ་འཇགས་ཞི་མཐུན་གྱི་དུས་ཆེན་སྐྱིད་པོ་ཞིག་རོལ་ཐུབ་པར་ཁག་ཐེག་བྱ་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།