ཟླ9ཚེས16ཉིན་ནས་ཚེས18ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བའི་ཐད་ནས་ཆེད་དོན་རྟོག་ཞིབ་སྤེལ།
རྟོག་ཞིབ་ཚན་ཆུང་ཁྲི་འདུ་རྫོང་ཤེའུ་གྲོང་རྡལ་དང་ལབ་ཞང་། ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རིག་གནས་སྲུང་སྐྱོབ་ཞིབ་འཇུག་ཡུས་ཧྲུའུ་རྟེན་གཞི་བཅས་སུ་སོང་སྟེ་ཡུལ་དངོས་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྐྱེ་ཁམས་དོ་སྲུང་འཁོར་སྐྱོད་དང་དམངས་འཚོའི་འགན་སྲུང་དོན་འཁྱོལ། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་གཙོ་གནད་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གཞི་རིམ་དམངས་ཆེན་གྱིས་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རང་རྟོགས་ཀྱིས་འགོ་ཁུངས་ཀྱི་གཏན་གནས་ལ་རྐང་ཚུགས་པ། རང་འགུལ་ངང་འགོ་ཁུངས་ཀྱི་འགན་འཁྲི་འཁུར་ཏེ་ཀྲུང་ཧྭའི་ཆུ་མཛོད་དང་མཚོ་བོད་མཐོ་སྒང་གི་རི་ལྗང་ཆུ་དྭངས་ལ་སྲུང་སྐྱོབ་གང་ལེགས་བྱས་ནས་རྨ་ཆུའི་ཆུ་རྒྱུན་གྱི་དྭངས་གཙང་ལ་འགན་སྲུང་བྱེད་དགོས། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་ལ་དམིགས་ནས་འཐུས་མིའི་གྲོས་གཞི་བསྒྲུབ་རྒྱུ་དམ་འཛིན་བྱེད་པ་དང་། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་མི་འདང་ས་རྒྱུན་མཐུད་ངང་ཁ་གསབ་བྱས་ཏེ། བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་ལེགས་སྒྱུར་བྱ་བ་ལེགས་པོར་བསྒྲུབ་དགོས། འགོ་ཁུངས་བཅོས་སྐྱོང་དང་ཉེན་ཁ་སྔོན་འགོག་ལ་གཅིག་འདོམས་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཐིག་དམ་སྲུང་བྱེད་པ། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་བྱས་ཏེ་འགན་སྲུང་བརྟན་པོར་བརྟེན་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ལ་འགན་སྲུང་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ཐོན་ཁུངས་དགེ་མཚན་སྔོག་འདོན་གཏིང་ཟབ་བྱེད་པ། ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྟན་པོའི་ངང་བསྐྱོད་དགོས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་དམངས་ཆེན་འཐུས་མིའི་གྲོས་གཞི་བསྒྲུབ་པའི་གོ་རིམ་ཧྲིལ་བོར་དམ་པོར་དམིགས་པ་དང་། རྗེས་འདེད་སྒྲུབ་སྐུལ་དང་གདུབ་ཟུམ་དོན་འཁྱོལ་ཇེ་དྲག་ཏུ་གཏོང་བ། འཐུས་མིའི་བསམ་ཚུལ་དེ་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་འཕེལ་རྒྱས་ཀྱི་དངོས་གཉེར་བྱེད་ཐབས་སུ་བསྒྱུར་ཏེ། དམངས་ཆེན་གྱིས་འགན་འཁྲི་བསྒྲུབ་པའི་གྲུབ་འབྲས་ཀྱིས་རྨ་ཆུའི་འབྱུང་ཁུངས་ཀྱི་ཡུན་རིང་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།