ཉིན་འགའི་སྔོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་དྲུག་ཁྱབ་བསྒྲགས་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་རིམ་པའི་ལས་བྱེད་ཟུར་པ་ཕན་ལིའང་དང་། ཀུའེ་ཀྲོའུ་ཞིང་ཆེན་ཆིན་ནན་ཁུལ་གྱི་ཁུལ་དཔོན་གཞོན་པ་ཟུར་པ། ཧྥུ་ཆོན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཟུར་པ་ཧོང་ཀུའེ་ལིན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ས་གཤིས་ཅུའུ་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་གཞོན་པ་ཟུར་པ་སུན་ཞིན་ཁྲུན། ཧྲན་ཞི་ཞིང་ཆེན་ལིན་ཧྥེན་གྲོང་ཁྱེར་དང་། ཧོ་ཀྲོའུ་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རིན་ཟུར་པ། ཧོ་ཀྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། དོ་དམ་ཨུ་ལྷན་གྱི་ཀྲུའུ་རིན་ཟུར་པ་ཀྲང་ཝུའེ་ཞིན། ཡུན་ནན་ཞིང་ཆེན་ཞི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་མིན་ཧའེ་རྫོང་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། རྫོང་དཔོན་གཞོན་པ་ཡུས་ཅུན་ཧྥེང་། ཨན་ཀང་སྡེ་ཚོགས་ཚད་ཡོད་ཀུང་སི་རྩིས་བཤེར་པུའི་སྤྱི་གཉེར་བ་གཞོན་པ། རྩིས་བཤེར་ལྟེ་གནས་ཀྱི་ཀྲུའུ་རིན་ལི་ཀེན་བཅས་ཀྱིས་སྒྲིག་འགལ་ངང་ཟ་འཐུང་བྱས་པ་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་ཤིང་། གཞུང་དོན་དྲང་གཞག་ངང་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ཡུལ་སྐོར་དང་རོལ་རྩེད་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པའམ། ཡང་ན་སྲིད་འབྲས་ལྟ་བར་ནོར་འཛོལ་བྱུང་ནས“སྲིད་འབྲས་བཟོས་སྐྲུན”གཉེར་བ་དང་འགན་འཁྲི་སྒྲུབ་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་བྱུང་སྟེ། ཆད་པ་ནན་པོ་བཅད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤྱོད་ཚུལ་ལེགས་སྐྱོང་བྱ་རྒྱུ་ནི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཅིག་ཡིན་པས། སྙིང་རུས་དང་སེམས་ཤུགས་བརྟན་པོ་བཅངས་ནས་དུས་རྒྱུན་དང་ཡུན་རིང་ཞེས་པའི་ཡིག་འབྲུ་གཉིས་ལ་འབད་བརྩོན་བྱས་ཏེ། “གསེར་མདོག་གི་མིང་བྱང”ཇེ་གསལ་ནས་ཇེ་གསལ་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱོད་ཚུལ་ལེགས་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་ལ། འགོ་ཁྲིད་ལས་བྱེད་པ་དང་། གནད་འགག་ལས་གནས་ཀྱི་ལས་བྱེད་པ། ན་གཞོན་ལས་བྱེད་པ་བཅས་ལ་སློབ་གསོ་དང་དོ་དམ་ལྟ་སྐུལ་བྱ་རྒྱུར་ཤུགས་བསྣན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྲུང་བྱ་མུ་མཐུད་དུ་དམ་སྲུང་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་རིམ་པ་སོ་སོས་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཚུལ་མིན་སྤྱོད་ངན་གཏན་འགོག་བྱ་དགོས་ལ། ཡང་དང་བསྐྱར་དུ་བྱུང་བའི་གནད་དོན་ལ་བཅོས་སྐྱོང་དང་། གཅིག་བསྡུས་ཀྱིས་དག་ཐེར་བྱེད་དགོས། མངོན་མེད་གཞན་འགྱུར་གྱི་འཕེལ་ཕྱོགས་ཡང་དག་པར་ངོས་འཛིན་དང་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། བསམ་གཟས་སྒྲིག་འགལ་གྱི་གྱོད་དོན་ལ་མགྱོགས་མྱུར་ཞིབ་བཤེར་ནན་པོ་དང་། བརྡ་ཁྱབ་དང་དམར་འདོན་བྱས་ཏེ། སྲོལ་ངན་རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྲིད་འབྲས་ལྟ་བའི་ནོར་འཛོལ་རྒྱུན་མཐུད་ངང་སྔོན་འགོག་དང་ཡོ་བསྲང་བྱས་ཏེ། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ལས་བྱེད་པས་སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བས། དུས་ཆེན་སྐབས་འབྱུང་སླ་བ་དང་ཡང་དང་བསྐྱར་དུ་འབྱུང་བའི་གནད་དོན་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་དང་དྲན་སྐུལ་གསལ་འདེབས་ལ་ཤུགས་སྣོན་དགོས། རང་ཚོད་མི་ཟིན་པ་དང་མཚམས་མི་འཇོག་པར་མྱུར་བཤེར་ནན་པོར་བྱས་ཏེ། རྒྱ་ཆེའི་ལས་བྱེད་པར་བརྩི་སྲུང་བྱེད་པ་དང་། དོགས་ཟོན་ཡོད་པ། ཚད་མཐའ་སྲུང་བ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་ཧུར་ཐག་གིས་བསྐྲུན་དགོས།