ལི་ཆང2026ལོའི་འཛམ་གླིང་རྩལ་ནུས་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧྲང་ཧའེ་རུ2026ལོའི་འཛམ་གླིང་རྩལ་ནུས་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ལི་ཆང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པར་སྤྲིངས་པའི་ཤིས་འཕྲིན་ནང་། འགྲན་བསྡུར་ཆེན་མོ་འཛམ་གླིང་རྩལ་ནུས་བརྗེ་རེས་མཉམ་ལས་ཀྱི་ལས་སྟེགས་སུ་གྱུར་བའི་ནུས་པ་ལ་ཁས་ལེན་གང་ལེགས་གནང་བ་དང་། ཀྲུང་གོས་འཛམ་གླིང་རྩལ་ནུས་ལུས་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་གསལ་པོ་གསལ་བཤད་གནང་། ཐེངས་འདིའི་ཚོགས་ཆེན་གྱིས་རྩལ་ནུས་ལ་བརྟེན་ནས་མདུན་ལམ་གསལ་བར་བྱེད་ཅེས་པ་བརྗོད་དོན་དུ་བྱས་པ་ནི། དུས་རབས་འཕེལ་རྒྱས་ཀྱི་འཕར་རྩ་དང་མཐུན་ཡོད། ངས་ཀྲུང་གོའི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་འགའ་བཤད་རྒྱུ་ཡིན།

དང་པོ། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྲོད་རྩལ་ནུས་ཀྱི་བྱས་རྗེས་འབུར་དུ་ཐོན་ཡོད། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བའི་ཁྲོད་རྩལ་ནུས་ཀྱི་འདེགས་སྐྱོར་བརྟན་པོ་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡུན་རིང་རྒྱུན་མཐུད་ཁྲོད་རྩལ་ནུས་ཀྱི་འགན་སྲུང་རྒྱུན་འཛིན་བྱས་ཡོད། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པའི་ལམ་ཁ་རུ་རྩལ་ནུས་ཀྱི་འདེགས་སྐྱོར་ཡོད།

གཉིས་པ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ངལ་རྩོལ་པའི་རྩལ་ནུས་ལེགས་ཆ་སྐྱེད་སྲིང་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་ཐོན་ལས་དང་རྩལ་ནུས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། མ་འོངས་པར་རྩལ་ནུས་འཇོན་མིའི་གསོ་སྐྱོང་གི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་ཆེར་གཏོང་རྒྱུ་ཡིན། ང་ཚོས་ཚེ་གང་གི་ལས་རིགས་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱུར་མཐོང་ཆེན་བྱས་ཏེ། མ་འོངས་པར་ངལ་རྩོལ་པ་སྔར་ལས་མང་བས་ལས་རིགས་དོན་གཉེར་བྱེད་རིང་རྒྱུན་མཐུད་ངང་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ང་ཚོས་རྩལ་ནུས་ལ་བརྟེན་ནས་འཇོན་མིར་འགྱུར་བའི་སྤྱི་ཚོགས་ཀྱི་དར་སྲོལ་འཛུགས་པར་མཐོང་ཆེན་བྱས་ཏེ། མ་འོངས་པར་རྩལ་ནུས་ལ་བརྩི་མཐོང་བྱེད་པའི་ཁོར་ཡུག་བཟང་པོ་རྒྱུན་མཐུད་ངང་སྐྲུན་རྒྱུ་ཡིན།

གསུམ་པ། ལག་གདང་སྦྲེལ་ནས་རྩལ་ནུས་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་སྐྲུན་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་རྩལ་ནུས་ཀྱི་དགོས་མཁོ་བསྐྱར་བཟོ་གཏིང་ཟབ་བཏང་། ཕྱོགས་སོ་སོས་དུས་བབ་དང་བསྟུན་ནས་མཉམ་ལས་དམ་ཟབ་བྱས་ཏེ། འཛམ་གླིང་རྩལ་ནུས་འཕེལ་རྒྱས་ཀྱི་ཆུ་ཚད་ཧུར་ཐག་གིས་ཇེ་མཐོར་གཏོང་དགོས། དམངས་འཚོའི་དྲོད་ཁོལ་སྔར་ལས་ཆེ་བ་དང་། གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་ཆེ་བ། སྒོ་འབྱེད་དང་བསྟུན་མཁས་སྔར་ལས་ཆེ་བ་བཅས་ཀྱི་རྩལ་ནུས་འཕེལ་རྒྱས་གཏོང་དགོས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་རྩལ་ནུས་གསར་གཏོད་ལྟེ་གནས་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། རྒྱུད་གཅིག་ལམ་གཅིག་དང་ལྷོ་ཕྱོགས་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་རྩལ་ནུས་གསར་སྤེལ་རྒྱ་ཇེ་ཆེར་གཏོང་འདོད་ཡོད།

མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་དང་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་ཀྲུའུ་ཞི་ཝུའུ་ཧན། འཛམ་གླིང་ལས་རིགས་སོ་སོའི་འཐུས་ཚབ1900ཙམ་འགོ་རྩོམ་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོ་མ་འཚོག་གོང་། ལི་ཆང་གིས་འཛམ་གླིང་རྩལ་ནུས་འགྲེམ་ཚོགས་ལ་གཟིགས་སྐོར་གནང་།

ཁྲེན་ཅི་ཉིང་དང་། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན་བཅས་གོང་གསལ་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།