ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དང་མཚོ་ཤར་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས23ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་བའི་ཞབས་རྗེས་སྙེག་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟིའི་ཚན་རྩལ་གསར་གཏོད་ལྟེ་གནས། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་བཅས་སུ་སོང་སྟེ་རྟོག་ཞིབ་བྱས། ལུའོ་ཏུང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། མངགས་བཅོལ་ཡིད་ལ་བཅངས་ནས་དངོས་སྒྲུབ་གཙོ་བོར་འཛིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གྱིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ནན་མོ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ། ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་དང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས། མཚོ་སྔོ་རེངས་སྲུང་སྐྱོབ་ཁུལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་བཅས་ཀྱི་ལས་བྱེད་མི་སྣ་དང་སྐྱེ་ཁམས་ལྟ་སྲུང་བར་དྲ་ལམ་ནས་བསམ་ཚུལ་བརྗེ་རེས་བྱས། ལུའོ་ཏུང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་ནན་གྱིས་བསྟན་ཡོད། མཚོ་སྔོན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་གཟི་བརྗིད་ལྡན་པའི་བྱ་གཞག་ཅིག་ཡིན་པས། ངེས་པར་དུ་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ལེན་དགོས། བློ་མཐུན་བསོད་ནམས་དར་རྒྱས་ཀྱི་བླ་མེད་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་དྲག་པོས་སྐོར་སྲུང་ལྟ་སྲུང་དང་སྐྱོབ་སྲུང་བཅས་ཀྱི་བྱ་བ་མང་པོ་ཏན་ཏིག་གིས་ལེགས་པོར་བསྒྲུབ་སྟེ། རང་གི་མིག་ལ་གཅེས་པ་དང་ཚེ་སྲོག་ལ་སྲུང་བ་བཞིན་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ་གཙང་ཆུ་དྭངས་མོ་ཤར་དུ་བཞུར་བར་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་པོར་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་གི་གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་རིམ་སྤོར་ལ་ཤུགས་བསྣན་ནས། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། བླ་ཤིང་གི་གཏམ་རྒྱུད་ལེགས་པོར་བཤད་དེ། མི་སྔར་ལས་མང་པོ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་གཞག་ཁྲོད་ཞུགས་པར་སྣེ་ཁྲིད་དགོས་ཞེས་བསྟན།

རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟིའི་ཚན་རྩལ་གསར་གཏོད་ལྟེ་གནས་སུ། ལུའོ་ཏུང་ཁྲོན་གྱིས་ལག་རྩལ་རིམ་འགྱུར་དང་འོད་ནུས་སྒྲིག་ཆས་ཕྱིར་བསྡུ་བེད་སྤྱོད། ཞིང་ཆེན་གྱི་སྔོན་ཐོན་གསོག་ནུས་ཚོད་ལྟ་ཁང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཉན། ལུའོ་ཏུང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཐད་ངེས་པར་དུ་གལ་ཆེ་བ་གཙོར་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་རྒྱུན་འཁྱོངས་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་པ། ས་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པའི་མངགས་བཅོལ་གནང་ཡོད། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་དགོངས་གལ་ཆེན་ཡིན་ལ། མཚོ་སྔོན་གྱི་དགེ་མཚན་དང་སྦས་ཤུགས་ཀྱང་ཡིན་པས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དང་། མུ་ཕྲེང་གཙོ་བོའི་ཁེ་ལས་ཀྱི་ནུས་པ་ཧུར་ཐག་གིས་འདོན་སྤེལ། མུ་ཕྲེང་བསྲིངས་པ་དང་མུ་ཕྲེང་གསབ་པ། མུ་ཕྲེང་འཐུང་སྒོ་ཚང་བ་བཅས་བྱས་ཏེ། ཐོན་ལས་མུ་ཕྲེང་ཧྲིལ་བོ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ནན་མོ་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པར་ཤུགས་སྣོན་པ་དང་། ཁྱབ་ཁོངས་གཙོ་བོའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་པ་དང་། རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་སོགས་ཀྱི་གསར་གཏོད་སྟེགས་བུ་འཛུགས་པ། ཚན་ཞིབ་ནུས་པ་བསྟུད་མར་མཐོ་རུ་བཏང་སྟེ། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་ནུས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

གྲལ་འགྲིག་པོར་བསྒྲིགས་པའི་ཟླ་གོར་རེ་རེ་ལས་ཕ་ཡུལ་ལ་དབང་བའི་དུས་ཆེན་གྱི་དྲོད་འཁོལ་མངོན་པར་མཚོན། ལུའོ་ཏུང་ཁྲོན་ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བའི་དྲིན་ཚོར་ར་བ་དང་དྲིན་ཚོར་ཐང་ཆེན། ཁྱིམ་ཚང་བཅས་སུ་སོང་ནས། སྡེ་མི་རྣམས་ལ་ཁ་བརྡ་བྱས་པ་དང་། འཕར་སྣོན་ཡོང་སྒོ་བརྩིས་ཤིང་། ལས་ཞུགས་སྐོར་བགྲོ་གླེང་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ལྷན་དུ་བསྡད་པའི་དུས་སྐབས་ཡག་ཤོས་དེ་ཕྱིར་དྲན་བྱས། ལུའོ་ཏུང་ཁྲོན་གྱིས་པན་ཡན་སྡེ་བས་མངགས་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་དྲིན་ཚོར་མདུན་བསྐྱོད་ཀྱིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེའི་ནུས་པ་མུ་མཐུད་དུ་བཏོན་ནས། གྲོང་གསེབ་ཐོན་ལས་རྒྱ་བསྐྱེད་པ་དང་སྟོབས་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་གྱི་བྱེད་ཐབས་གཙོ་བོར་བརྩི་བ་དང་། སྡེ་བའི་དངོས་ཡོད་དང་མཐུན་ལ། ཞིང་སྦྲེལ་ཞིང་ཁྲིད་དང་ཞིང་སྟོབས་བཅས་ཀྱི་ཐོན་ལས་དར་སྤེལ་གྱི་ལམ་བུ་བཏོད་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་རྩོད་བཙན་རྫོང་ནུས་པ་ལེགས་པོར་འདོན་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་སྣེ་ཁྲིད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཕན་ཚུན་བསྡུར་བ་དང་སྔོན་ཐོན་ལ་སློབ་སྦྱོང་། གཞན་གྱི་རྗེས་ཆོད་པ་དང་རྩེ་གྲས་ལ་སྙེག་པ་བཅས་ཀྱི་སྣང་ཚུལ་བསྐྲུན་ནས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། མཚོ་སྔོན་གྱི་ཞིང་སྡེ་དང་འབྲོག་ཁུལ་སྔར་ལས་མང་པོ་པན་ཡན་སྡེ་བ་ལྟར་ཕྱུག་པོར་འགྱུར་བར་བྱེད་དགོས་ཞེས་བསྟན།

ལུའོ་ཏུང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ཏུ་བསྟར་བས། ཞིང་ཆེན་ཡོངས་ཀྱི་བྱ་གཞག་མང་པོའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་། མཐོ་སྒང་གི་བུ་བུ་མོ་རྣམས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་ཞིང་། ཏང་གི་རྗེས་སུ་འབྲངས་ཀྱིན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ལངས་གནས་གསར་བར། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་ནས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་ལྟར་དཔའ་སྐྱེད་མདུན་སྐྱོད་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལམ་ཕྱོགས་ལ་གཞིགས་ནས།  འཆར་འགོད་གཅིག་དོན་ཐོག་ཏུ་འཁྱོལ་བ་དང་། འགོ་ཁྲིད་རེ་རེས་བསྟུད་མར་རྒྱུན་མཐུད་པ། སྔར་སྲོལ་བཞིན་དངོས་འབེབས་དམ་འཛིན་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགོངས་འཆར་གནང་བའི་འཆར་འགོད་རླབས་ཆེན་དེ་འཕེལ་རྒྱས་ཀྱི་ཕན་ནུས་དངོས་སུ་བསྒྱུར་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥིན། ལིའུ་ཐའོ་བཅས་འབྲེལ་ཡོད་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།