ཟླ9པའི་ཚེས22ཉིན། རི་དང་གླུ་ཡི་འགྱུར་ཁུགས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཐོ་སྒང་སྐྱེ་ཁམས་ཤེས་དཔལ་སྤེལ་རེས་གླེང་མོལ་དེ་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐོ་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲེན་ཅི་ཝེ་དང་ཨ་ལ་མུའུ་ཐོ་རུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་པ་སུའུ་ཧྥང་ཆིའུ། ཨ་ལ་མུའུ་ཐོ་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ་ཨའོ་འར་ཀྲ་སི.སི་མ་ཀུའུ་ལོ་ཧྥུའུ་གླེང་མོལ་ལ་ཞུགས་ནས་ཤིས་ཚིག་ཕུལ།
ད་ལོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་རིག་གནས་སྤེལ་རེས་ལོ་ཡིན་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་ས་གནས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སྦྲེལ་ཟམ་དུ་བྱེད་པ་དང་རིག་གནས་ལ་བརྟེན་ནས་གླེང་མོལ་གྱི་སྟེགས་བུ་བསྐྲུན། བྱེད་སྒོ་དེ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་ཕྱི་ཡིག་ཅུས་རིག་གནས་བརྒྱུད་གཏོང་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ། པེ་ཅིང་སྐད་བརྡའི་སློབ་ཆེན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་བྱས་པ་རེད།
མཚོ་སྔོན་དང་ཨ་ལ་མུའུ་ཐོ་གཉིས་ཀྱི་བར་ཐག་རིང་ན་ཡང་། ལྗང་མདོག་སྐྱེ་ཁམས་དང་རང་བྱུང་ཁྱིམ་གཞིས་ལ་ཐུན་མོང་གིས་སྲུང་སྐྱོབ་བྱེད་པའི་འདོད་བློའི་དབང་གིས་ཡིད་སེམས་གཅིག་མཐུན་བྱུང་བ་རེད། བྱེད་སྒོའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་སོ་སོར་ཧ་སག་སི་ཐན་གྱི་འབྲེལ་ཡོད་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས། སྲོག་ཆགས་སྲུང་སྐྱོབ་སྡེ་ཁག་བཅས་བར་མཉམ་ལས་བརྗེད་ཐོ་བཀོད་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་ཞིབ་རོགས་ལས། འཇོན་མི་གསོ་སྐྱོང་། ཚན་རིག་ཁྱབ་གདལ་དང་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ལེའུ་གསར་པའི་འགོ་བརྩམས། དེ་དང་མཉམ་དུ། མཐོ་སྒང་གི་གསའ་ཡི་འཚོ་གནས་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། འཁྱགས་རོམ་ཐོན་ཁུངས་སྲུང་སྐྱོབ་དང་མཐོ་སྒང་གི་སྐྱེ་དངོས་མ་ལག་གི་རྒྱུན་མཐུད་འཕེལ་རྒྱས་སོགས་གྲོས་དོན་གཙོ་བོར་དམིགས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་སྐྱེ་ཁམས་དཔལ་ཡོན་ཐད་གླེང་མོལ་བྱས།
ཕྱོགས་གཉིས་ཀྱིས་ཐེངས་འདིའི་གླེང་མོལ་གོ་སྐབས་སུ་བྱས་ཏེ་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་གསར་གཏོད་ཀྱི་སྒུལ་ནུས་བསྐྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་སྒང་གི་ཐབས་ལམ་མཉམ་དུ་འཚོལ་ཞིབ་བཅས་བྱས་ཏེ། མི་རབས་ནས་མི་རབས་བར་མཛའ་མཐུན་དང་ཕན་ཚུན་ཡོད་རྟོན་ཆེན་པོ། སྐྱིད་སྡུག་མཉམ་མྱོང་། དར་རྒྱས་མཉམ་སྤྱོད་བཅས་ཀྱི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ས་གནས་ཀྱི་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་ད་རུང་ཐུན་མོང་གི་མཐོ་སྒང་། ཐུན་མོང་གི་ལྟ་སྲུང་ཞེས་པའི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་སྐྱེ་ཁམས་རིག་གནས་བརྙན་རིས་འགྲེམ་སྟོན་ལ་བལྟས་ནས་རྨ་ཙོང་ཀོ་བརྙན་དང་མཚོ་སྔོན་གཙགས་དྲུབ་སོགས་ལ་རོལ་མྱོང་བྱས།