ལི་ཆང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ9པའི་ཚེས22ཉིན་ཧྲང་ཧའེ་རུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཡོངས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་དགོས། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་བར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། རབས་གསར་པའི་རིག་ནུས་བཟོ་སྐྲུན་འཕེལ་རྒྱས་ཤུགས་ཆེན་གཏོང་བ།  གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས།    ཧྲང་ཧའེ་གློག་ཤུགས་རྒྱལ་ཁབ་མི་ཐབས་རིག་ནུས་བཀོལ་སྤྱོད་བར་དུས་ཚོད་ལྟ་རྟེན་གཞི་རུ། ལི་ཆང་གིས་ཆེད་སྤྱོད་འཕྲུལ་མི་དང་བཟོ་ལས་འཕྲུལ་མིའི་ཐོན་རྫས་དང་དེའི་བཀོལ་སྤྱོད་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། མི་ཐབས་རིག་ནུས་དང་འབྲེལ་བའི་འདུས་གྲུབ་ཞབས་ཞུའི་ཚོང་པ་དང་། མི་ཐབས་རིག་ནུས་གཞིར་བཏིང་བཟོ་གྲྭ་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན། ལི་ཆང་གིས་བསྟན་དོན། མི་ཐབས་རིག་ནུས་སོགས་ཀྱི་གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད། འབྲེལ་ཡོད་ལག་རྩལ་གྱི་བཀོལ་སྤྱོད་ཀྱིས་ད་ལྟ་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་མ་ལག་དང་། ཐོན་སྐྱེད་བྱེད་སྟངས། ཐོན་ལས་ཀྱི་རྣམ་པ་བཅས་བསྐྱར་སྐྲུན་གཏིང་ཟབ་བྱེད་ཞོར། བཟོ་སྐྲུན་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་དང་སྤུས་རྟགས་རིམ་སྤར་ལ་བར་སྟོང་གསར་རྐྱང་ཞིག་བཏོད་ཡོད་པས།  རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་དང་གྲངས་རིག་ལག་རྩལ་ཏེ། ཕྱོགས་གཉིས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ནས། མི་ཐབས་རིག་ནུས་དང་བཟོ་སྐྲུན་འབྲེལ་བའི་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་ཐབས་རིག་ནུས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་ནུས་པ་སྩོལ་བར་སྐུལ་འདེད་གཏོང་དགོས། ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། དོ་དམ་སོགས་བརྒྱུད་རིམ་ཧྲིལ་བོའི་རིག་ནུས་རིམ་སྤར་ལ་སྐུལ་སྤེལ་གཏོང་བ་དང་། གཞི་གྲངས་བདག་རྐྱེན་གྱི་བག་ནུས་སྔར་ལས་འཕེལ་བར་བྱས་ནས། ལས་རིགས་སྔར་ལས་མང་བའི་ཕྱོགས་ཡོངས་གྲངས་རིག་ཅན་གྱི་ཚུལ་སྒྱུར་ལ་སྐུལ་ཁྲིད་བྱེད་དགོས། བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཐུན་མོང་རང་བཞིན་གྱི་དཀའ་གནད་ལ་དམིགས་ནས། བཟོ་ལས་ཇུས་འགོད་དང་། བར་དུས་ཚོད་ལྟའི་ར་སྤྲོད། རིག་ནུས་འཁོར་སྐྱོད་སྲུང་སྐྱོང་སོགས་འགག་རྩའི་རིམ་པ་དང་འབྲེལ་ཏེ། བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་ཞབས་ཞུའི་ལས་སྟེགས་སྔར་ལས་མང་པོ་བསྐྲུན་པ་དང་། འདུས་གྲུབ་ཞབས་ཞུ་དང་སྣ་མང་ཅན་གྱི་ཐག་གཅོད་ཇུས་གཞིའི་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་སོ་སོའི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་གི་རིག་ནུས་ཅན་གྱི་སྒྱུར་བཀོད་ལ་རོགས་རམ་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འགྲན་རྩོད་ལེགས་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  ཧྲང་ཧའེ་ཡི་མ་འོངས་འགོ་རྩོམ་སྡེ་ཁུལ་ནི་མ་འོངས་པའི་ཐོན་ལས་ཁྱབ་ཁོངས་ཐད་བློ་རྩེ་གཅིག་ཏུ་གཞོལ་བའི་ཚན་རྩལ་གསར་གཏོད་ཀྱི་གསོ་སྐྱོང་ལས་སྟེགས་ཤིག་ཡིན། ལི་ཆང་འདིར་ཕེབས་ནས། སྡེ་ཁུལ་གྱི་གསར་གཏོད་ཁོར་ཡུག་འཛུགས་སྐྱོང་དང་། ཧྲང་ཧའེ་ཡི་མ་འོངས་པའི་ཐོན་ལས་ཐེབས་རྩའི་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་་ཞིང་། ཀླད་འཕྲུལ་མཐུད་ཁ་དང་ཚད་རྡུལ་རྩིས་རྒྱག་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་ཐོན་རྫས་ལ་གཟིགས་ཞིབ་གནང་ནས། ཚན་རྩལ་གསར་གཏོད་མི་སྣ་དང་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་དང་བརྩེ་བའི་དགོངས་འཆར་བརྗེ་རེས་མཛད། ལི་ཆང་གིས་བསྟན་དོན། མ་འོངས་པའི་ཐོན་ལས་ནི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་པས། མ་འོངས་པའི་ལག་རྩལ་འཕེལ་རྒྱས་ལ་རྗེས་འདེད་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་བ། བློ་སྤོབས་ཆེན་པོས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱེད་པ་དང་། འགྲིག་མིན་ཚོད་ལྟ་བྱེད་པར་གུ་ཡངས་བྱེད་པ། ཐོན་ལས་གསར་གཏོད་ཀྱི་མདུན་གྲལ་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་དགོས། གསར་གཏོད་ཁོར་ཡུག་རྩེ་གྲ་འཛུགས་སྐྱོང་བྱེད་པ་དང་། ཐོན་སློབ་ཞིབ་སྤྱོད་བཞི་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་ཞབས་ཞུ་སྟོབས་ལྡན་དུ་གཏོང་བ་དང་། བཀོལ་སྤྱོད་བྱ་ཡུལ་གསོ་སྐྱོང་དང་སྒོ་འབྱེད་ཧུར་ཐག་བྱེད་དགོས། ལས་གཏོད་དངུལ་གཏོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཡུན་རིང་གི་དངུལ་གཏོང་སྟོབས་ཆེར་གཏོང་བ། མ་འོངས་པའི་ཐོན་ལས་ཀྱི་གཏོང་སྒོའི་འཕར་སྣོན་དང་ཉེན་ཁ་མཉམ་ཁུར་གྱི་རྐྱེན་སྲོལ་འཛུགས་དགོས། ལི་ཆང་གིས་ནན་གྱིས་བསྟན་དོན། འཇོན་མི་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་། འཇོན་མི་ཡོད་ན་ད་གཟོད་མ་འོངས་པར་རྒྱལ་ཁ་ལེན་ཐུབ། ཚན་རིག་ཞིབ་འཇུག་ལས་ཁུངས་དང་། གསར་གཏོད་ལས་སྟེགས། ཁེ་ལས། ཚན་རྩལ་འཆར་གཞི་བཅས་ཀྱི་འཇོན་མི་བསྡུ་རུབ་དང་གསོ་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྩེར་སོན་གསར་གཏོད་འཇོན་མིའི་གསོ་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས། བྱང་ཚད་མཐོ་བའི་འཇོན་མི་སྔར་ལས་མང་པོ་གསོ་སྐྱོང་ཧུར་ཐག་བྱེད་དགོས།    

ཁྲེན་ཅི་ཉིན་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།