“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དགུ་པ་སླེབས་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སྟེང་བྱ་བ་སྒྲུབ་ཀྱིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱ་ཆེ་བའི་ཞིང་པ་རྣམས་ལ་སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་དུ་འཇུག་དགོས་པ་ནན་གྱིས་བསྟན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དགུ་པ་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སྟེང་བྱ་བ་སྒྲུབ་ཀྱིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར། རང་རྒྱལ་གྱི་དབྱར་འབྲུས་སླར་ཡང་ཐོན་ཚད་ཀྱི་ཟིན་ཐོ་གསར་པ་བཀོད་པ་དང་། འབྲས་ཀྱི་ཐོན་འབབ་བརྟན་པོ་ཡིན་པས། སྟོན་འབྲུ་ལ་ལོ་ལེགས་འབྱུང་བའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་བ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་མཐོར་འདེགས་ཅི་ཐུབ་གཏོང་བ། ཞིང་པའི་ཡོང་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ནས་སྡོད་འཚམ་ལས་འཚམ་གྱི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་པ་བཅས་ཀྱིས། རྒྱ་ཆེ་བའི་ཞིང་པ་རྣམས་ཀྱི་འཚོ་བ་སྔར་ལས་བདེ་ཞིང་སྐྱིད་པོ་ཡོང་བར་འབད་བརྩོན་བྱེད་དགོས། །