རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས22ཉིན། ཧྲང་ཧའེ་རུ་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་ཀྲུའུ་ཞི་ཝུའུ་ཧན་དང་དབུ་བཞུགས་ལག་བསྟར་དཔོན་ཧོ་དབྱི་ལ་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་ཐུགས་ཁུར་དང་སྐུལ་འདེད་གནང་བ་ཡིན་པས། ང་ཚོར་འཛམ་གླིང་ལ་ངོ་མཚར་ཆེ་བའི་རྒྱས་ཚོགས་གཟབ་རྒྱས་ཤིག་འབུལ་བའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་རྩལ་ནུས་རྩ་འཛུགས་དང་མཉམ་ལས་སྔར་ལས་གཏིང་ཟབ་བྱས་ནས། གོ་ལ་ཧྲིལ་པོའི་རྩལ་ནུས་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་གིས་སྐུལ་སྤེལ་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་རྒྱལ་ནང་གི་རྩལ་ནུས་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱ་རྒྱུ་ཡིན་ལ། འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱིས་འཇོན་མི་སྐྱེད་སྲིང་དང་དགེ་རྒན་གསོ་སྦྱོང་སོགས་ཀྱི་ཐད། ཀྲུང་གོ་ཕྱོགས་ལ་རྒྱལ་སྤྱིའི་ཉམས་མྱོང་དེ་བས་མང་པོ་མཉམ་སྤྱོད་བྱས་ཏེ། ཀྲུང་གོས་རྩལ་ནུས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་སྔར་ལས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པར་རེ་བ་བཅངས་ཡོད།
ཝུའུ་ཧན་དང་ཧོ་དབྱི་ཡིས་ཀྲུང་གོའི་རྩལ་ནུས་བྱ་གཞག་འཕེལ་རྒྱས་བྱུང་བ་མ་ཟད་རྒྱལ་ཁབ་གཞན་དག་ལ་དཔྱད་གཞི་འདོན་སྤྲོད་བྱས་པར་བསྔགས་བརྗོད་བྱས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་བྱུང་མ་མྱོང་བའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་ཞིག་མངོན་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྟོབས་ཤུགས་འབུལ་བར་རེ་སྒུག་བྱས་ཡོད་ཅེས་བསྟན།
ཁྲེན་ཅི་ཉིན་དང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་མཇལ་འཕྲད་ལ་ཞུགས།