“རླབས་ཆེན་གྱི་རྒྱང་སྐྱོད—ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན”གྱི་འགོ་རྩོམ་མཛད་སྒོ་པེ་ཅིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

“རླབས་ཆེན་གྱི་རྒྱང་སྐྱོད—ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན”གྱི་འགོ་རྩོམ་མཛད་སྒོ་ཚེས22ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་གསར་བརྗེའི་དམག་དོན་རྟེན་མཛོད་ཁང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་གསུང་བཤད་གནང་བ་མ་ཟད་འགྲེམ་སྟོན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་།   ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆའི་རུ་ཁག་གིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་། ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསེང་མཐོན་པོས་བླངས། དེའི་རྗེས་སུ་ཚོགས་ར་ཡོངས་གུས་སྟབས་ཀྱིས་ལངས་ཏེ་རྒྱང་སྐྱོད་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་མྱ་ངན་ཞུས།

ཚའེ་ཆི་ཡིས་གསུང་བཤད་ཁྲོད་བསྟན་དོན།  ལོ90ཡི་སྔོན་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་གི་སྣེ་ཁྲིད་དེ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་བློས་གཏོང་ཆེན་པོ་བྱས་ལ། འཛམ་གླིང་ལ་གཡོ་འགུལ་ཐེབས་པ་དང་ལོ་རྒྱུས་དེབ་ཐེར་ནང་བཀོད་པའི་རྒྱང་སྐྱོད་དེ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་། ཀྲུང་གོའི་གུང་ཁྲན་ཏང་མི་དང་དམར་དམག་གི་དཔོན་དམག་ཚོས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དེ། ཀྲུང་གོའི་མི་དམངས་ཀྱིས་རྒྱུན་མི་ཆད་པར་འགག་སྒྲོལ་དཀའ་སེལ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་བསྔགས་སྐུལ་བྱེད་པའི་བསམ་པའི་སྒུལ་ཤུགས་སྟོབས་ལྡན་ཞིག་ཏུ་གྱུར་ཡོད།

ཚའེ་ཆི་ཡིས་བསྟན་དོན། བརྗོད་དོན་གཙོ་བོའི་འགྲེམ་སྟོན་གྱིས་ཏང་གིས་དམར་དམག་གི་སྣེ་ཁྲིད་དེ་རྒྱང་སྐྱོད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བཅས་སྤེལ་བར་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད། འཐབ་ལམ་གསར་པའི་ཐོག    བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལེགས་པར་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཚའེ་ཆི་སོགས་འགོ་ཁྲིད་བློ་མཐུན་གྱིས་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་ཚབ་དང་མཉམ་དུ་བརྗོད་དོན་གཙོ་བོའི་འགྲེམ་སྟོན་ལ་གཟིགས་སྐོར་གནང་།

དབྱིན་ལི་དང་། ལི་ཧྲུའུ་ལེ། ཀྲང་ཧྲིན་མུན། བློ་བཟང་རྒྱལ་མཚན། ཝང་ཡུང་བཅས་འགོ་རྩོམ་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།