ཞིང་ལྗོངས་ལྔའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་འགུལ་སྐྱོད་ཚོགས་འདུ་ཟི་ལིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས22ཉིན། ཞིང་ལྗོངས་ལྔའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་འགུལ་སྐྱོད་ཚོགས་འདུ་ཟི་ལིང་དུ་བསྡུས་ཏེ། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་། ཚོང་ར་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་བཅས་ཀྱི་ལས་དོན་ཁག་ལ་མཉམ་དུ་གྲོས་མོལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་འགོ་འཛིན་བྱས། རྒྱལ་ཁབ་ནགས་རྩྭ་ཅུས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་སི་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན། བོད་ལྗོངས་ནགས་རྩྭ་སྡེ་ཁག་བཅས་ཀྱིས《ཞིང་ལྗོངས་ལྔའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་བསྒྲགས་གཏམ》ལ་མཉམ་དུ་མིང་རྟགས་བཀོད།

ཚོགས་འདུ་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཕྱོགས་སོ་སོས་ཐོན་ཁུངས་མཉམ་སྤྱོད་དང་། ཐོན་ལས་མཉམ་སྐུལ། ལག་རྩལ་མཉམ་སྒྲོལ། འགལ་ཟླ་མཉམ་སེལ་བཅས་ཀྱི་དམིགས་འབེན་གཞིར་བཟུང་སྟེ། ཐོན་ལས་ཀྱི་དེབ་ཐེར་རྒྱབ་ཤ་དཀར་པོ་དང་། དབྱེ་འབྱེད་ཕྱོགས་སྟོན་དང་ལག་རྩལ་ཚད་གཞི་བཅས་མཉམ་འབྲེལ་སྒོས་ཁྱབ་བསྒྲགས་བྱས་ལ། ས་ཁོངས་མཐུན་སྦྱོར་གྱི་སྲུང་སྐྱོབ་བཅོས་སྐྱོང་རྣམ་པ་ཐོག་མར་གྲུབ་པར་བྱས་ཤིང་། ཐོན་ལས་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།《འགུལ་སྐྱོད་བསྒྲགས་གཏམ》ལ་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་བྱས་པ་འདིས། ཞིང་ལྗོངས་ལྔ་ཡིས་མཐུན་སྦྱོར་གྱི་སྲུང་སྐྱོབ་བཅོས་སྐྱོང་དུས་རིམ་གསར་པ་ཞིག་ཏུ་ཞུགས་པ་མཚོན་ཞིང་། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པ་མངོན་འགྱུར་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ས་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐུལ་བྱེད་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། 《འགུལ་སྐྱོད་བསྒྲགས་གཏམ》འདི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དུ་བརྩིས་ཏེ། རྣམ་པ་སྣ་ཚོགས་ཀྱི་དྲིལ་སྒྲོག་ཐབས་ལམ་ལེགས་པོར་སྤྱོད་པ། རིམ་པ་དགར་ནས་སྒྲོག་བཤད་གསོ་སྦྱོང་སྤེལ་བ། དབྱར་རྩྭ་དགུན་འབུ་དང་མི་བཟོས་དབྱར་རྩྭ་དབྱེ་འབྱེད་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ལུགས་མཐུན་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ནས། སྤྱི་ཚོགས་ཡོངས་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པའི་དངོས་རིགས་དབྱེ་འབྱེད་ཁྲོད་ཞུགས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། 《འགུལ་སྐྱོད་བསྒྲགས་གཏམ》འདི་ས་ཁོངས་མཐུན་སྦྱོར་བཅོས་སྐྱོང་གི་ཐུན་མོང་ཚད་འཛིན་དུ་བརྩིས་ཏེ། མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མཉམ་འབྲེལ་སྒོས་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱེད་པ། ཆ་འཕྲིན་འབྲེལ་མཐུད་དང་འབྲེལ་གཏུག་གྲོས་མོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ས་ཁོངས་བརྒལ་བའི་མཐུན་སྦྱོར་བཅོས་སྐྱོང་འདུ་ཤེས་དེ་ས་གནས་ལམ་ལུགས་ཀྱི་ལག་ལེན་ཁྲོད་དུ་འདྲེས་པར་སྐུལ་འདེད་གཏོང་དགོས། 《འགུལ་སྐྱོད་བསྒྲགས་གཏམ》འདི་འཕེལ་རྒྱས་ཀྱི་འགག་རྩ་མེད་པར་བཟོ་བའི་ཐུན་མོང་ཐབས་ལམ་དུ་བརྩིས་ཏེ། དབྱེ་འབྱེད་དང་ཁུངས་འདེད་མ་ལག་འཛུགས་སྐྲུན་བྱེད་རྒྱུ་གོ་གནས་གལ་ཆེན་སྟེང་འཇོག་པ། གྲངས་འཛིན་ཚན་རྩལ་བྱེད་ནུས་ཤུགས་དྲག་ཏུ་གཏོང་བ། དབྱེ་འབྱེད་ཕྱོགས་སྟོན་ལ་འགུལ་རྣམ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། ཞིང་ལྗོངས་ལྔ་གཅིག་གྱུར་འབྲེལ་མཐུད་ཀྱི་དབྱར་རྩྭ་དགུན་འབུའི་ཁུངས་འདེད་ལས་སྟེགས་བསྐྲུན་པར་མཉམ་ཤུགས་བཏོན་ནས། ཞིང་ལྗོངས་ལྔའི་དབྱེ་འབྱེད་མཇུག་འབྲས་ལ་ཕན་ཚུན་གྱི་ཡིད་ཆེས་དང་ཁས་ལེན་ཐོབ་པ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། 《འགུལ་སྐྱོད་བསྒྲགས་གཏམ》འདི་སྡེ་ཁག་མཐུན་སྦྱོར་མཉམ་སྒུལ་གྱི་ཐུན་མོང་འགུལ་སྐྱོད་དུ་བརྩིས་ཏེ། ས་ཁོངས་བརྒལ་བའི་ཁྲིམས་བསྟར་མཉམ་སྒུལ་ཤུགས་དྲག་ཏུ་གཏོང་བ་དང་། ཚན་རྩལ་མཐུན་སྦྱོར་གྱི་འགག་སྒྲོལ་ནུས་ཚད་ཆེ་རུ་གཏོང་བ། ལས་རིགས་ཀྱི་ཚད་གཞིའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་དགོས།

ཚོགས་ཐོག་ཏུ། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་ཀྱིས《འགུལ་སྐྱོད་བསྒྲགས་གཏམ》གྱི་འཆར་ཟིན་འགོད་པའི་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ལྗོངས་ལྔའི་ནགས་རྩྭ་སྡེ་ཁག་གིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་པ་མ་ཟད། དབྱར་རྩྭ་དགུན་འབུ་དབྱེ་འབྱེད་ལག་རྩལ་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།