སྔོན་འགོག་གཙོ་བྱས་ཏེ་དམངས་ཡོངས་ཀྱི་བདེ་ཐང་སྲུང་སྐྱོང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན།      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྔོན་འགོག་ནི་འགྲོ་སོང་ཆེས་དམའ་བ་དང་ཆེས་ཕན་འབྲས་ལྡན་པའི་བདེ་ཐང་གི་ཐབས་ཇུས་ཤིག་ཡིན།     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་གསལ་བོ་བྱས་ཏེ།  འཕྲོད་བསྟེན་བདེ་ཐང་བྱ་བ་དེ“ནད་བཅོས་ལྟེ་བར་འཛིན་པ”ནས“མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི”ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་།   གཅོང་ནད་དང་འབྲས་སྐྲན་གྱི་ནད་སྔ་མོ་ནས་སྨན་བཅོས་བྱེད་པ་ནས།   རིམས་འགོག་འཆར་འགོད་མུ་མཐུད་དུ་རྒྱ་བསྐྱེད་པའི་བར་དང་།  གཞི་རིམ་གྱི་བདེ་ཐང་ཞབས་ཞུར་ཕྱོགས་པ་ནས་ན་གཞོན་ལོ་ཆུང་བདེ་ཐང་ཕྱོགས་བསྡུས་སྲུང་སྐྱོང་བར།    ཀུན་ཕན་དོ་སྙོམས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་སྤྱི་པའི་འཕྲོད་བསྟེན་འགོག་སྲུང་དྲ་རྒྱ་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བཞིན་ཡོད།

རང་རྒྱལ་དུ་མི་འབོར་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་ཡོད་པ་དང་། མཁར་གྲོང་དང་ས་ཁོངས་བར་གྱི་བདེ་ཐང་ཞབས་ཞུའི་མཁོ་སྤྲོད་སྔར་བཞིན་དོ་མཉམ་མིན།    ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད། སྐྲན་ནད་སོགས་གཅོང་ནད་ཀྱི་རིགས་ནི་སྡོད་དམངས་ཀྱི་བདེ་ཐང་ལ་གནོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་མ་ཟད།    སྨན་བཅོས་ཐོན་ཁུངས་འབོར་ཆེན་ཞིག་ཟིན་ཡོད།    རྒྱལ་ཁབ་ཀྱི་གནས་ཚུལ་འདིར་རྐང་ཚུགས་ཏེ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གང་མང་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན།   བློ་བརྟན་འགྱུར་མེད་ཀྱིས་སྔོན་འགོག་གཙོ་བོར་འཛིན་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགོག་བཅོས་ཟུང་འབྲེལ་དང་མཉམ་འགོག་མཉམ་སྡོམ། མང་འགོག་མང་སྡོམ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།      མི་དམངས་མང་ཚོགས་ལ་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུ་འདོན་སྤྲོད་བྱ་དགོས།   ནད་གཞི་ཚབས་ཆེན་འགོག་སྡོམ་ལ་མཐོང་ཆེན་བྱེད་པ་དང་།  འགོག་བཅོས་ཀྱི་ཐབས་ཇུས་ཇེ་ལེགས་སུ་བཏང་སྟེ།     ཚད་གཞི་མཐོ་བའི་སྒོ་ནས་མི་ཚོགས་ལ་ནད་ཕོག་ཚད་ཇེ་དམའ་རུ་གཏོང་དགོས། འགོས་ནད་དང་གཅོང་ནད་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་ལེགས་པོ་བྱས་ཏེ།    གཙོ་གནད་མི་ཚོགས་ཀྱི་བདེ་ཐང་འགན་སྲུང་ལ་ཤུགས་སྣོན་དགོས་པ་མ་ཟད།    སྨན་བཅོས་འཕྲོད་བསྟེན་བྱ་བའི་ཐོན་ཁུངས་དེ་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་དགོས།

མིག་སྔར་ལུང་ཡོན་ས་གཞི་ཆེན་མོ་རུ།   གཞི་རིམ་མང་ཚོགས་ལ་ཁ་ཕྱོགས་པའི་གཅོང་ནད་དང་སྐྲན་ནད་ཚགས་བཤེར་བྱེད་པའི་ཆེད་དོན་འགུལ་སྐྱོད་ཅིག་ས་ཁོངས་ཧྲིལ་བོར་སྤེལ་བཞིན་ཡོད།     ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད་སོགས་རྒྱུན་མཐོང་གི་གཅོང་ནད་དང་།  ད་དུང་ཕོ་བའི་འབྲས་སྐྲན་དང་མིད་པའི་འབྲས་སྐྲན་སོགས་འབྱུང་སླ་བའི་འབྲས་སྐྲན་རིགས་དྲུག་ལ་དམིགས་ཏེ།     ཀན་སུའུ་ཡིས་གཙོ་གནད་ནད་རིགས12གཅིག་གྱུར་ཚགས་བཤེར་བྱེད་ཁོངས་སུ་བཅུག་ཡོད། མིག་སྔར། ཀན་སུའུ་ཡིས་ཐེངས་འདིའི་ཆེད་དོན་འགུལ་སྐྱོད་བརྒྱུད་གཅོང་ནད་ཕོག་པའི་ནད་པ་ས་ཡ་བཞི་འབུམ་བཞི་ལྷག་ཤེས་རྟོགས་བྱུང་ལ།  དེའི་ཁྲོད་གཅོང་ནད་ཡོད་པའི་ནད་པ་གསར་བ་དགུ་འབུམ་དྲུག་ཁྲི་ལྷག་ཡོད་པས།     ཚང་མ་བདེ་ཐང་ཆ་འཕྲིན་མ་ལག་གི་སྐབས་བསྟུན་བཅར་འདྲི་དོ་དམ་ནང་བཅུག

རིམས་འགོག་སྨན་ཁབ་རྒྱག་པ་ནི་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་འགྲོ་སོང་ཆེས་དམའ་བ་དང་ཆེས་ཕན་འབྲས་ལྡན་པའི་ནད་རིགས་སྔོན་འགོག་བྱེད་ཐབས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་སྲོག་ཤིང་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཀྱང་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་འགྱུར་ལྡོག་དང་བསྟུན་ནས།   རྒྱལ་ཁབ་ཀྱིས་རིམས་འགོག་འཆར་འགོད་ཀྱི་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་བཏང་།   མིག་སྔའི་བར།   རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་དེ་རིམས་འགོག་སྨན་ཁབ་ནང་བཅུག་ཡོད། ནད་རིགས16སྔོན་འགོག་བྱེད་ཐུབ་ལ།    སིབ་བི་དང་བརྒྱ་ལུ་སོགས་རིམས་འགོག་སྨན་ཁབ་ཀྱིས་ནད་རིགས་སྔོན་འགོག་བྱེད་ཚད་ཇེ་དམའ་རུ་བཏང་ཡོད་པས་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ཡོད།   ད་ལོར།    HPVཡི་རིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ནང་བཅུག་ཡོད་པ་དང་།     མིག་སྔར་རྒྱལ་ཡོངས་སུ་ལོ་བཅུ་གསུམ་ལ་བུད་པའི་བུ་མོ་ས་ཡ་ལྔ་འབུམ་གཉིས་ལྷག་ལ་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱིHPVཡི་རིམས་འགོག་སྨན་ཁབ་ཐོག་མ་བརྒྱབ།

ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པ་ཡིན་ལ།   གཞོན་ནུ་ལོ་ཆུང་གི་དུས་སྐབས་ནི་རྒྱལ་དམངས་བདེ་ཐང་ཡོང་བའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན། ན་ནིང་གི་ལོ་མཇུག་ཏུ། རྒྱལ་ཁབ་ཀྱི་སྡེ་ཁག13གྱིས་མཉམ་འབྲེལ་སྒོས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི“བདེ་ཐང་ལྔ”སྐུལ་སྤེལ་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། མིག་ཤེས་དང་ལུས་པོའི་ལྗིད་ཚད། སེམས་ཁམས། རུས་པ། ཁ་སྦུག་བཅས་ཕྱོགས་ལྔར་དམིགས་ནས།   བདེ་ཐང་གི་བྱེད་སྒོ་སློབ་གྲྭ་རུ་སྤེལ་ཏེ་སྔ་མོ་ནས་བདེ་ཐང་ངང་ནར་སོན་པར་སྐུལ་འདེད་བཏང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ།  རང་རྒྱལ་གྱིས་སྨན་བཅོས་འཕྲོད་བསྟེན་གྱི་གཙོ་གནད་བྱ་བ་གཞི་རིམ་དུ་ཕྱོགས་པ་མ་ཟད། སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་སྟེ།   སྨན་བཅོས་དང་སྔོན་འགོག་མཉམ་ལས་ཀྱི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།   བདེ་ཐང་གི་འགག་སྒོ་དེ་སྤྱི་ཚོགས་བཅོས་སྐྱོང་གི་གོ་རིམ་ནང་འདྲེས་པར་བྱས་ཏེ།   མི་ཚོགས་ཡོངས་ལ་ཁྱབ་པ་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་འགོག་སྲུང་དྲ་རྒྱ་བཟོས་ནས།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བདེ་ཐང་གི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།