“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དགུ་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་བ་དང་“ཞིང་གསུམ”ཡུལ་དངོས་དང་པོ་རུ་བྱ་བ་སྒྲུབ་ཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་འཁོལ་བའི་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར་རང་རྒྱལ་གྱི་དབྱར་འབྲུའི་ཐོན་ཚད་ལ་ཡང་བསྐྱར་ཟིན་ཐོ་གསར་པ་བསྐྲུན་ཏེ། སྔ་སྨིན་འབྲས་ཐོན་ཚད་བརྟན་པོ་སྲུང་འཛིན་བྱས་པ་དང་སྟོན་འབྲུ་ལོ་ལེགས་འབྱུང་བར་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཕན་ནུས་ཆེ་རུ་བཏང་སྟེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱེད་པ་དང་། ཞིང་བའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཡུལ་བབ་དང་བསྟུན་ནས་འཚོ་སྡོད་དང་ལས་སྒྲུབ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ། རྒྱ་ཆེའི་ཞིང་པའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་ཧུར་ཐག་བྱེད་དགོས།