ད་ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མ་ལག་ལྡན་པའི་བསམ་གཞིགས་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་ཨར་ལས་གད་སྙིགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། འབྱུང་ཁུངས་ནས་ཇེ་ཉུང་དུ་གཏོང་བ་དང་སྐྱེལ་འདྲེན་ཚད་ལྡན་དུ་གཏོང་བ། ཐག་གཅོད་དང་བེད་སྤྱོད་སྦྲེལ་མཐུད་བྱེད་པ་བཅས་ལ་དམིགས་ནས་རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་སྤྱད་དེ། ཨར་ལས་གད་སྙིགས་གང་འདོད་དུ་འཕེན་པའི་གནད་དོན་ཐག་བཅད་ནས། མཁར་གྲོང་གི་འཚོ་སྡོད་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། ཟླ9པའི་ཚེས15ཉིན་བར། རིམ་རྩིས་བྱས་ན་ཨར་ལས་གད་སྙིགས་ཏུན་འབུམ་གཅིག་དང་ཁྲི་བཞི་སྟོང་བཞི་ཐག་གཅོད་བྱས་པ་དང་། ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་ཚད87%ལ་སླེབས་ནས་ཁུལ་ཡོངས་ཀྱི་ཨར་ལས་གད་སྙིགས་གཙང་སེལ་ནུས་པ་ཇེ་མཐོར་བཏང་།
མཚོ་བྱང་ཁུལ་གྱིས“འབྱུང་ཁུངས་ནས་ཚོད་འཛིན་ནུས་ལྡན་བྱེད་པ་དང་སྐྱེལ་འདྲེན་ཐད་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། གཙང་སེལ་ཐག་གཅོད་ཚད་ལྡན་བྱེད་པ། རྒྱུན་རྣམ་ཁྲིམས་བསྟར་ཞིབ་གཅོད”བཅས་ཀྱི་དམིགས་འབེན་ལ་གཞིགས་ནས། ཆེད་དོན་དག་ཐེར་བཅོས་སྐྱོང་གི་ཇུས་གཞི་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། “ཁུལ་རིམ་པས་གཅིག་འདོམས་དང་རྫོང་རིམ་པའི་གཙོ་འགན་འཁུར་བ། སྡེ་ཁག་མཉམ་སྒུལ”བཅས་ཀྱི་འགན་འཁྲིའི་མ་ལག་བཙུགས་ཤིང་། གཙང་སེལ་བྱེད་སའི་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གནས་བདམས་པ་དང་། ལུགས་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་གཞི་ཁྱོན་གཏན་འཁེལ་བྱས། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་བཏང་ནས་མིན་ཡོན་དང་རྐང་ཚ། མདའ་བཞི་བཅས་རྫོང་གསུམ་གྱི་གཙང་སེལ་ར་བ་འཛུགས་སྐྲུན་བཟོ་སྐྲུན་དེ་ཁུལ་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས་གཞི་གཙོ་བོའི་མཛོད་དུ་བཅུག་ནས་ཨར་ལས་གད་སྙིགས་ཡུན་ཕན་བཅོས་སྐྱོང་ཐད་རྨང་གཞི་བརྟན་པོ་བཏིངས།
ཨར་ལས་གད་སྙིགས་ཐག་གཅོད་ཐད་ཀྱི་ཞིབ་བཤེར་ཆོག་མཆན་དང་དེ་བཞིན་ཇུས་གཞི་ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཨར་ལས་བཟོ་སྐྲུན་ཡུལ་དངོས་ཀྱི་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་ཨར་ལས་གད་སྙིགས་ཐག་གཅོད་དོ་དམ་མ་ལག་ལ་བརྟེན་ནས་ཉིན་རྒྱུན་སྐོར་ཞིབ་དང་ཆེད་དོན་ཞིབ་བཤེར་དང་ཟུང་འབྲེལ་བྱས་ཏེ་འབྱུང་ཁུངས་དང་སྐྱེལ་འདྲེན། ཐག་གཅོད་བཅས་ལས་རིམ་གྱི་ཁེ་ལས42ཀྱི་ཆ་འཕྲིན་ནང་འཇུག་ལས་དོན་ཡོངས་འགྲུབ་བྱེད་པ། ཐག་གཅོད་ཐོ་འགོད་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་རིམ་སོ་སོའི་དོ་དམ་ཚོད་འཛིན་འགན་འཁྲི་ཇེ་དམ་དུ་བཏང་། གཅིག་བསྡུས་དག་ཐེར་བཅོས་སྐྱོང་དང་འགག་སྒྲོལ་ལས་དོན་མཉམ་གཅིག་ཏུ་སྤེལ་བ་དང་ཨར་ལས་གད་སྙིགས་གང་འདོད་དུ་སྤུངས་བ་དང་གང་འདོད་དུ་འཇོག་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ། ཨར་ལས་གད་སྙིགས་གཙང་སེལ་དང་སྙོམས་སྒྲིག སྐྱེལ་འདྲེན་བཅས་བྱེད་པ། ཟུར་ཁུལ་དུ་བཞག་ཡོད་པའི་གད་སྙིགས་གཙོར་བཟུང་ནས་དག་ཐེར་བཅོས་སྐྱོང་བྱེད་པ་དང་། གསོག་ཚད་གནད་དོན་འགུལ་རྣམ་གཙང་སེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཨར་ལས་གད་སྙིགས་ཐག་གཅོད་ཀྱི་བརྒྱུད་རིམ་ཧྲིལ་བོ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་།