སྐབས་དྲུག་པའི་“ཡུས་ཧྲུའུ་ཡི་མི་བཟང་པོ”དང་སྐབས་གཉིས་པའི་“ཡུས་ཧྲུའུ་ཡི་མིག་དཔེ་”དཔྱད་འདེམས་མཇུག་འབྲས་དངོས་སུ་བསྒྲགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ་དགུ་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནམ་གཤིས་རིམ་བཞིན་ཇེ་འཁྱག་ཏུ་གྱུར། དགེ་སེམས་དང་སྟོབས་ཤུགས་སྩོལ་བའི་མིག་དཔེ་སྟོན་པའི་བྱེད་སྒོ་ཞིག་སྤེལ་ཏེ། ཡུས་ཧྲུའུ་ཡི་ས་གཞི་ཆེན་མོར་དྲོད་ཁོལ་བསྐྱལ། ཟླ9པའི་ཚེས20ཉིན་གྱི་དགོང་མོར། སྐབས་དྲུག་པའི་“ཡུས་ཧྲུའུ་ཡི་མི་བཟང་པོ་”དང་སྐབས་གཉིས་པའི་“ཡུས་ཧྲུའུ་ཡི་མིག་དཔེ་” ཡི་དཔྱད་འདེམས་མཇུག་འབྲས་དེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་བསྒྲགས་པ་རེད།

ཐེངས་འདིའི་དཔྱད་འདེམས་ལས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་སྲོག་ཤིང་དུ་བྱས་ཤིང་། ལས་བཀུར་བྱས་རྗེས་འཇོག་པ་དང་བདེན་པའི་རྒྱབ་ལངས། རྒན་བཀུར་གཉེན་བྱམས། གཞུང་རྒྱུད་དྲང་ཞིང་ཁ་དན་ཚིག་ལ་གནས་པ་བཅས་ཀྱི་དུས་རབས་ཀྱི་གོམས་སྲོལ་གསར་བ་རྒྱ་ཆེར་སྒྲོག་སྤེལ་བྱས་ནས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། ཡུས་ཧྲུའུ་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ། དཔྱད་འདེམས་བྱ་བ་ཧྲིལ་བོ་གཟབ་ནན་གྱིས་གཞི་རིམ་འོས་སྦྱོར་དང་ཐོབ་ཐང་ཞིབ་བཤེར། ཕྱོགས་བསྡུས་དཔྱད་ཞིབ། སྤྱི་ཚོགས་གསལ་བསྒྲགས་སོགས་ཚད་ལྡན་བརྒྱུད་རིམ་ལྟར་སྤེལ་བ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་བསྡོམས་པས་གཡང་འཛོམས་སོགས་མི་སྒེར24སྐབས་དྲུག་པའི་“ཡུས་ཧྲུའུ་ཡི་མི་བཟངཔོ་” དུ་བདམས་པ་དང་། པེ་ཅིང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཡུས་ཧྲུའུ་བཀོད་འདོམས་པུའུ་སོགས་ཐུན་མོང་3། མི་སྒེར་1ལ་སྐབས་གཉིས་པའི་“ཡུས་ཧྲུའུ་ཡི་མིག་དཔེ་”ཡི་མཚན་སྙན་ཐོབ། བྱ་དགའ་ཐོབ་མཁན་དག་ལས་རིགས་སོ་སོ་ནས་ཐོན་པ་དང་། ལོ་རྒྱུན་ཁོར་མོ་ཡུག་ཏུ་འབྲོག་ཁུལ་དུ་བཅའ་སྡོད་བྱས་ནས་སློབ་སྟེགས་སྲུང་བའི་གྲོང་གསེབ་དགེ་རྒན་ཡོད་པ་དང་། ཉེན་ཁའི་དུས་སྐབས་སུ་མདུན་དུ་མཆོངས་ཏེ་བདེན་པའི་རྒྱབ་ལངས་བྱེད་མཁན་སྔོན་ཐོན་དཔེ་མཚོན། ཁྱིམ་མིར་བདག་སྐྱོང་ཞིབ་ཚགས་བྱས་པ་དང་བསྙེན་བཀུར་གྱི་ལས་སྒྲུབ་པའི་མང་ཚོགས་ཕལ་བ། ད་རུང་གཞུང་རྒྱུད་དྲང་ཞིང་ཁ་དན་ཚིག་ལ་གནས་པའི་ལས་གཉེར་པ་དང་། ཕ་ཡུལ་ལ་བརྩེ་སེམས་དྲོན་མོས་དྲིན་ལན་འཇལ་བའི་ལས་སྒྲུབ་པ་བཅས་ཡོད། སྤྱིར་བཏང་གི་མི་ཕལ་བ་སྐོར་ཞིག་གིས་དགེ་སེམས་དང་བརྟན་སྲུང་གི་རྒྱུན་བསྐྱངས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཀྲོང་ངེར་འགྱིང་བའི་བསམ་པའི་མིག་དཔེ་རུ་གྱུར།

གནོད་ཤུལ་བསྐྱར་སྐྲུན་དང་དབུལ་ཐར་མཁྲེགས་གཏོར། དེ་ནས་གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། བདེ་ཐང་དང་དེང་རབས་ཅན་གྱི་བདེ་སྐྱིད་ལྡན་པའི་ཡུས་ཧྲུའུ་གསར་པ་ཞིག་འཛུགས་སྐྲུན་བྱེད་པའི་བར། མིག་དཔེ་སྟོན་པའི་མི་སྣ་སྐོར་ཁག་རེ་རེ་ཡིས་ཁུ་སིམ་མེར་ལས་ལ་འབད་པ་དང་། སྒེར་སེམས་མེད་པར་བྱས་རྗེས་བཞག་སྟེ། ཡུས་ཧྲུའུ་ཡི་ཉིན་རེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་འཕོ་འགྱུར་ལ་དངོས་སུ་སྐུལ་འདེད་དང་བདེན་དཔང་བྱས་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།