རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཕུའུ་ལ་པོ་ཝོ་དང་བརྩེ་བའི་ཞལ་འཛོམས་གྲོས་མོལ་གནང་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་འཐབ་ཇུས་མཛུབ་ཁྲིད་གསར་པ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་གྲོས་ཚོགས་དང་ཕན་ཚུན་འབྲེལ་འདྲིས་སྤེལ་རེས་དང་སློབ་སྦྱོང་དཔེ་ལྟ་བྱ་རྒྱུ་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་དུ་འགྱུར་བའི་བྱ་གཞག་དང་ཕྱོགས་གཉིས་ཀྱི་འབྲེལ་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་འདོད་ཡོད།
མུའུ་ཀྲ་ཉི་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་པ་མ་ཟད། ཀྲུང་གོ་མིག་དཔེ་ལྟ་སར་བརྩི་བཞིན་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་དམ་སྲུང་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཕྱོགས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་མོ་སྤེལ་བ་བརྒྱུད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་སྤེལ་རེས་འགྲོ་འོང་དམ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་གོང་དུ་འཕེལ་བར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད།
ཝང་ཡུང་དང་ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།